དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཕུལ་བྱུང་དགེ་རྒན་གྱི་འཐུས་མི་ལྔས་ཀྲུང་ཕྱིའི་གསར་འགོད་པ་དང་སྤེལ་རེས་བྱས་པ།

    སློབ་ཁྲིད་འཆད་སྟེགས་ལ་གཞི་ཚུགས་ནས་སློབ་གསོའི་ཐོག་མའི་བསམ་འདུན་སྲུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཡན་དབྱི་ཆའོ།   |     སྤེལ་དུས།  2026-05-29

    རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས“རྒྱང་ལམ་གསར་པའི་ཐོག་གི་འབད་འཐབ་པ”ཞེས་པའི་ཀྲུང་ཕྱིའི་གསར་འགོད་པའི་ངོ་འཕྲད་ཚོགས་འདུ་འཚོགས་ནས་ཕུལ་བྱུང་དགེ་རྒན་གྱི་འཐུས་མི་5གདན་དྲངས་ཏེ“སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་བཏང་ནས་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་གཏོད་པར”དམིགས་ཏེ་ཀྲུང་ཕྱིའི་གསར་འགོད་པ་དང་སྤེལ་རེས་བྱས་པ་རེད།

    “ཕྲུ་གུ་ཚང་མའི་དགེ་མཚན་དགེ་རྒན་གྱིས་ཤེས་རྟོགས་དང་སྲུང་སྐྱོང་བྱས་ཚེ། ཁོང་ཚོ་འཚར་ལོངས་ཡག་པོ་ཡོང་ངེས་རེད”རྨང་གཞིའི་སློབ་གསོའི་ཁྱབ་ཁོངས་སུ་ལོ་21འབད་འཐབ་བྱེད་རིང་། ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་དབྱིན་ཁྲོན་གྲོང་ཁྱེར་སློབ་འབྲིང་བཅོ་ལྔ་པའི་སློབ་སྤྱི་ཤེ་ཝུའེ་ཡིས“སློབ་མའི་དགེ་མཚན་མཐོང་རིམ་བཞིན་དེ་ཤེས་རྟོགས་ཐུབ་པ་དང་སྲུང་སྐྱོང་བྱེད་པ”དེ་རང་ཉིད་ཀྱི་སློབ་གསོའི་དམ་ཚིག་ཏུ་བརྩིས་ནས་ཕྲུ་གུ་ཚང་མར་རང་ཉིད་ལ་དབང་བའི་མི་ཚེའི་འགྲན་ལམ་ཞིག་རྙེད་ཐུབ་པར་བྱེད་ཀྱི་ཡོད།

    ཁོང་དང་འདྲ་བར་ནུབ་རྒྱུད་དུ་གཞིས་ཚུགས་པའི་གྲས་སུ་ད་དུང“བྱེ་བཅོས་ཡོན་ཧྲི”ཞེས་བརྗོད་པའི་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་དང་ལན་ཀྲོའུ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཧོང་ཅན་ཕིང་ཡོད། 2003ལོར། ཧོང་ཅན་ཕིང་མ་ཡུམ་སློབ་གྲྭ་ལན་ཀྲོའུ་སློབ་ཆེན་དུ་ལོག་ནས་རང་རྒྱལ་གྱི་རླུང་ཁམས་ཆེ་མོའི་ཚན་རིག་སློབ་གླིང་དང་པོ་དེ་བཙུགས། དཀའ་ཚེགས་ཆེ་བའི་ཚན་ཞིབ་ཁོར་ཡུག་གི་མདུན་དུ་ཁོང་གིས“ཚེ་གང་མྱ་ངམ་ཐང་དུ་སྡོད་པ་དང་། ཕུགས་འདུན་དོན་གཉེར་བྱེད་པ། རྩེ་གྲ་གཏོད་པ”བཅས་ཀྱི་ཕུགས་བསམ་གྱི་དམིགས་ཚད་ཐོག་ནས་ཚོགས་པའི་སྣེ་ཁྲིད་དེ་འབད་འཐབ་ལྷོད་མེད་བྱས་ཡོད། ད་ཆ་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་གྱི་ཚུའེ་དབྱིང་ཧྲན་རི་བོར་རང་རྒྱལ་གྱི་རྒྱལ་སྤྱིའི་ཆུ་ཚད་ལྡན་པའི་ཕྱེད་སྐམ་ཤས་ཆེ་བའི་གནམ་གཤིས་འགྱུར་ལྡོག་ལྟ་ཞིབ་ཀྱི་ཚད་འཇལ་ས་ཚིགས་དང་པོ་དེ་བཙུཌ་པ་རེད། ཧོང་ཅན་ཕིང་དང་ཚོགས་པས་བཙུགས་པའི“རྒྱུད་གཅིག་ལམ་གཅིག”གི་གནམ་གཤིས་ལྟ་ཞིབ་ཚད་འཇལ་དྲ་བས་ཀྱང་རྒྱལ་ཁབ་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། དེ་བཞིན་ས་ཁོངས་ཀྱི་གནམ་གཤིས་བཅོས་སྒྲིག་བཅས་ལ་ཚན་རིག་དང་མཐུན་པའི་འདེགས་སྐྱོར་བྱས་ཡོད།

    སློབ་སྤྱི་བཟང་པོ་ཞིག་ཡོད་ན་སློབ་གྲྭ་ཡག་པོ་ཞིག་སྐྱོང་ཐུབ། ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་ཧྥུའུ་དབྱང་ཆུས་ཧྥུའུ་ཁྲུན་སློབ་ཆུང་བདུན་པའི་སློབ་གསོ་ཚོགས་པའི་སྤྱི་ཁྱབ་སློབ་སྤྱི་ཀྲང་ཀྲེན་ལེ་ཡིས་ངལ་རྩོལ་སློབ་གསོ་སྤེལ་ནས་ཕྲུ་གུ་ཚོའི་ཀུན་སྤྱོད་དང་འཇོན་ཐང་འཕེལ་བར་བྱས་པས། ཚང་མས་ཁོང་ལ“ཞིང་ར་ནས་ཐོན་པའི་གསར་གཏོད་སློབ་སྤྱི”ཞེས་བརྗོད་ཀྱི་ཡོད།

    “ང་ཚོས་དུས་ཚིགས་ཉེར་བཞིའི་སློབ་ཚན་ཁྲོད་ཕྲུ་གུ་ཚོ་དུས་ཚིགས་དང་བསྟུན་ནས་ངལ་རྩོལ་བྱེད་དུ་འཇུག་གི་ཡོད། དཔེར་ན་དབྱར་ཚུགས་རྗེས་ང་ཚོས་ཕྲུ་གུ་ཚོ་ནན་ཀྲུའུ་ཡི་ལོ་མ་འཐུ་བ་དང་། འབྲས་ནག་བཙོ་བ། རྒྱ་སྲན་བཙོ་བ་བཅས་སྒྲིག་འཛུགས་བྱེད་ཀྱི་ཡོད། དེ་དག་ནི་ཧྥུའུ་ཡང་གི་ཡུལ་སྲོལ་ཡིན”ལོ་17རིང་། ཀྲང་ཀྲེན་ལེ་དང་དགེ་རྒན་ཚོས་སྣ་མང་ཕུན་སུམ་ཚོགས་པའི་ངལ་རྩོལ་སློབ་གསོའི“རྩེད་ཐབས”གསར་པ་འཚོལ་ཞིབ་བྱས་ནས་ངལ་རྩོལ་སློབ་གསོ་དོན་འཁྱོལ་བྱེད་པའི་མཐའ་མའི་འགག་གནད་བསལ་ཡོད།

    ངོ་འཕྲད་ཚོགས་འདུའི་ཐོག བྱིས་པའི་སློབ་གསོའི་ལས་ཀ་ལོ་35བྱས་པའི་ཧྲན་ཤིས་ཞིང་ཆེན་ཐའེ་ཡོན་གྲོང་ཁྱེར་དབན་པའེ་ལིན་ཆུས་ཤིང་ཧྭ་སློབ་ཞུགས་གོང་གི་སློབ་གསོ་ཚོགས་པའི་སྤྱི་ཁྱབ་ཡོན་ཀྲང་ཨན་ཧུའེ་ཞ་ཡིས་ཕྲུ་གུ་ཚོས་ཇུས་འགོད་བྱས་པའི་རྟགས་མ་ཁྱེར་ཡོད། གདེང་ཚོད་ཀྱི་རྟགས་མ་དང་། དྲིན་ཚོར་གྱི་རྟགས་མ། དུས་སྲུང་གི་རྟགས་མ། བདེ་ཐང་གི་རྟགས་མ། རྒྱལ་གཅེས་ཀྱི་རྟགས་མ་སོགས་རྟགས་མ་ཆུང་ཆུང་དེ་དག་ལས་ཕྲུ་གུ་ཚོས་དོན་གཉེར་བྱེད་པའི་ཕུལ་བྱུང་གི་གཤིས་རྒྱུད་མཚོན་གྱི་ཡོད།

    ཧྲན་ཤིས་ཞིང་ཆེན་གྱི་གཞུང་བཙུགས་བུ་བཅོལ་ཁང་ཚོགས་པ་ཅན་གྱི་དོ་དམ་ཐོག་མར་བཏོད་དེ་ཕྲུ་གུ་དེ་བས་མང་བར་ཀུན་ཕན་སྤུས་ལེགས་ཀྱི་སློབ་ཞུགས་གོང་གི་སློབ་གསོ་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད། སློབ་གསོ་པུའི་སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ཨན་ཧུའེ་ཞ་ཡིས་ད་ཆ་ཞིང་ཆེན་22སུ་བསྐྱོད་དེ་མཉམ་སྤྱོད་ཐེངས་90ལྷག་ཙམ་བྱས་ཡོད། “བྱིས་པའི་སློབ་གསོའི་གནམ་ས་ཆུང་ཡང་བརྩེ་སེམས་ཟབ། ཕྲུ་གུ་ཚོ་དང་མཉམ་དུ་སྡོད་རྒྱུ་ནི་ངའི་མི་ཚེའི་བདེ་སྐྱིད་ཆེ་ཤོས་ཀྱི་བྱ་བ་ཞིག་རེད”ཅེས་ཁོང་གིས་བརྗོད།

    ལས་རིགས་སློབ་གསོ་ནི་བྱང་ཚད་མཐོ་བའི་ལག་རྩལ་རྩལ་ནུས་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན། རྒྱལ་ཡོངས་ཀྱི“དགེ་རྒན་ཡག་ཤོས”དང་ལག་རྩལ་འཇོན་ཐང་ཅན་ཡིན་པའི་ཁྲེང་ཏུའུ་མཁའ་འགྲུལ་ལས་རིགས་ལག་རྩལ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཀྲོའུ་ཧྲུའུ་ཆང་གིས་སློབ་གྲྭའི་ཐོན་ལས་སློབ་གསོ་མཉམ་འདྲེས་དང་སློབ་གྲྭ་དང་ཁེ་ལས་མཉམ་ལས་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་ནས། ཁེ་ལས་ལ་ལག་རྩལ་གྱི་དཀའ་གནད་སེལ་རོགས་བྱས་པ་མ་ཟད། སློབ་མར་རྩལ་ནུས་དམར་ཁྲིད་ཀྱང་བྱེད་ཀྱི་ཡོད།

    “ལས་རིགས་སློབ་གསོའི་དགེ་རྒན་ཞིག་ཡིན་པའི་ངོས་ནས་ངས་སློབ་ཁྲིད་འཆད་སྟེགས་ཡག་པོ་སྲུང་བ་དང་། དངོས་སྦྱོང་རྟེན་གཞིར་ཟབ་སྦྱོང་བྱེད་པ། ཏན་ཏན་ཏིག་ཏིག་གིས་སློབ་ཁྲིད་བྱེད་པ། དོ་དོ་ནན་ནན་གྱིས་སློབ་མ་སྐྱོང་བ། སེམས་ནུས་ཡོད་རྒུས་རྩལ་ནུས་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་བཅས་བྱས་ནས། རྒྱལ་ཁབ་ཀྱི་མཁའ་འགྲུལ་བྱ་གཞག་ཆེད་ནུས་ཤུགས་ཡོད་རྒུ་འདོན་གྱི་ཡིན”ཞེས་ཀྲོའུ་ཧྲུའུ་ཆང་གིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།