གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་གིས་དྲ་ཐོག་ནས་གན་རྒྱའི་རྩོད་གཞི་ཞིག་ཐག་བཅད་པ།
དྲ་ཐོག་ཁྲིམས་རས་དམངས་ཀྱི་སེམས་ཁྲལ་བསལ། སྤྲིན་ཚོམ་ཞབས་ཞུས་དམངས་ལ་དྲོ་སྐྱིད་སྦྱིན།
ཉེ་ཆར། གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་མི་དམངས་ཁྲིམས་ཁང་གི་གྱོད་སྒྲུབ་ཚོགས་པས་དྲ་ཐོག་གི་ཁྲིམས་རའི་འདྲི་གཅོད་ལས་སྟེགས་བརྒྱུད་གན་རྒྱའི་རྩོད་གཞིའི་གྱོད་གཞི་ཞིག་བདེ་བླག་ངང་ཐག་བཅད་པ་རེད། གྱོད་སྒྲུབ་ཁྲིམས་དཔོན་བདེ་སྐྱིད་གཡང་འཛོམས་ཀྱི་ནང་མི་ནད་གཞིས་རྐྱེན་པས་ཁོང་ལྗོངས་ཕྱིའི་སྨན་ཁང་དུ་ནད་གཡོག་རྒྱུག་བཞིན་ཡོད། ཁོང་གིས་ངལ་གསོའི་དུས་ཚོད་སྤྱད་དེ་ལག་ཐོགས་ཁ་པར་དང་གློག་ཀླད་ལ་བརྟེན་ནས་ཁྲིམས་རའི་འདྲི་གཅོད་ཀྱི་བརྒྱུད་རིམ་ཧྲིལ་པོ་ཆ་ཚང་བའི་ངང་གཙོ་སྐྱོང་བྱས་ཏེ་ལས་གནས་བརྟན་སྲུང་དང་འགན་འཁུར་གྱི་རྣམ་འགྱུར་ཐོག་ནས་ཁྲིམས་སྒྱུར་ལས་འགན་བསྒྲུབས་པ་རེད།
གྱོད་གཞི་དེ་དང་འབྲེལ་བའི་དངུལ་འབོར་སྒོར་ཁྲི་4.5ཟིན་ཞིང་། དོ་བདག་ཁྲོད་དུ་རྒྱ་རིགས་དང་། བོད་རིགས། ཧུད་རིགས་བཅས་མི་རིགས་གསུམ་ཡོད་པ་དང་ས་ཆ་མི་འདྲ་བར་བསྡད་ཡོད། མཛེས་བཟོའི་སྤུས་ཚད་ཀྱི་རྩོད་གཞི་ཟླ་ཕྱེད་ལྷག་ཙམ་སོང་ཡང་ད་དུང་ཐག་གཅོད་ཐུབ་མེད། གལ་ཏེ་རྒྱུན་ལྡན་གྱི་གོ་རིམ་ལྟར་ཞིབ་གཅོད་བྱེད་དགོས་ན། ཁྲིམས་འཛིན་གསལ་འབྱེད་ནས་འགོ་འཛུགས་དགོས་པ་མ་ཟད། དུས་ཡུན་རིང་པོ་འགོར་བའི་ཁར་ད་དུང་ཕྱོགས་གཉིས་ཀྱི་གཏུག་བཤེར་མ་གནས་ཀྱང་མཐོ་པོ་ཡོད། འགལ་བ་གང་མགྱོགས་སེལ་ཆེད། བདེ་སྐྱིད་གཡང་འཛོམས་ཀྱིས་གྱོད་གཞི་རྩིས་སྤྲོད་དང་ཁྲིམས་ར་འཚོག་རྒྱུ་ནར་འགྱངས་སོགས་བྱེད་མི་དགོས་པར་ནང་མིར་ནད་གཡོག་རྒྱུག་པའི་བར་གསེང་དུ་རྒྱལ་ཡོངས་ཁྲིམས་ཁང་གི་སྒུལ་བདེའི་གྱོད་སྒྲུབ་ཞིབ་གཅོད་ལས་སྟེགས་བརྒྱུད་གྱོད་གཞིའི་གནས་ཚུལ་ལྟ་ཀློག་དང་རྩོད་གཞིའི་མདོ་གནད་ཤེས་རྟོགས་བྱས་པ་མ་ཟད། དོ་བདག་དང་ཁྲིམས་རྩོད་པ་དང་ཁ་པར་ཐོག་ནས་འབྲེལ་གཏུག་ཐེངས་མང་བྱས་ལ། བཅའ་ཁྲིམས་འགྲེལ་བཤད་བརྒྱབ་ནས་ཕྱོགས་གཉིས་ཀྱི་རེ་ཞུ་གནད་སྨིན་ངང་ཁོང་དུ་ཆུད་པ་བྱས་ཡོད།
ཁྲིམས་ར་འཚོགས་པའི་ཉིན་དེར་སྨན་ཁང་གི་ངལ་གསོའི་ཁུལ་དེ་གནས་སྐབས་ཀྱི“དྲ་ཐོག་ཁྲིམས་རར”གྱུར་ཅིང་། བདེ་སྐྱིད་གཡང་འཛོམས་ཀྱིས་ཁྲིམས་དཔོན་གྱི་ལས་གོས་གྱོན་ནས་རྐུབ་སྟེགས་ཐོག་བསྡད་ཅིང་། ལག་ཐོགས་ཁ་པར་དང་གློག་ཀླད་བཅས་ཚང་མ་གྲ་སྒྲིག་བྱས་ཡོད། བརྙན་ཤེལ་གྱི་སྣེ་གཉིས་སུ་དོ་བདག་དང་ཁྲིམས་རྩོད་པ་ཡོད། ཁྲིམས་རའི་འདྲི་གཅོད་ཀྱི་བརྒྱུད་རིམ་ཧྲིལ་པོ་ཡོངས་བསྒྲགས་ཚད་ལྡན་དང་གོ་རིམ་ནན་པ་དེ་ས་གནས་ས་ཐོག་ཏུ་འཚོགས་པའི་ཁྲིམས་ར་དངོས་དང་གཉིས་སུ་མེད།
བདེ་སྐྱིད་གཡང་འཛོམས་ཀྱིས་ངང་རྒྱུད་རིང་པོས་འདུམ་འགྲིག་བྱས་པ་བརྒྱུད་ཕྱོགས་གཉིས་དབར་ཐུན་མོང་གི་ངོས་འཛིན་རིམ་གྱིས་གཅིག་གྱུར་བྱུང་བ་དང་ཁྲིམས་རར་འདུམ་འགྲིག་གི་གྲོས་མཐུན་བཞག་པ་དང་འབྲེལ་དངུལ་ག་དུས་སྤྲོད་མིན་གྱི་དུས་ཚོད་ཁ་ཆད་བྱུང་ནས་རྩོད་གཞི་མགྱོགས་མྱུར་ཐག་གཅོད་ཐུབ་ཡོད། ལས་ཚབ་ཁྲིམས་རྩོད་པས་ས་གནས་ས་ཐོག་ཏུ“ཁྲིམས་དཔོན་གྱིས་མང་ཚོགས་ལ་སེམས་རྩ་འཁོལ་པོས་རོགས་རམ་བྱས་པར་བརྟེན་མང་ཚོགས་ཚོས་དྲང་གཞག་དྲང་བདེན་ཚོར་ཐུབ་ཡོད”ཅེས་བསྔགས་བརྗོད་བྱས།
གསར་འགོད་པས་དྲ་ཐོག་ནས་གྱོད་གཞིའི་གནས་ཚུལ་བཅར་འདྲི་བྱེད་སྐབས། བདེ་སྐྱིད་གཡང་འཛོམས་ཀྱིས་དམིགས་བསལ་གནས་ཚུལ་རྐྱེན་གྱིས་ཁྲིམས་ར་འཚོགས་ཐུབ་མེད་ཀྱང་། ཁྲིམས་དཔོན་གྱི་ལས་གོས་གྱོན་ནས་གྱོད་གཞི་སྒྲུབ་སྐབས། ངེས་པར་དུ་ཁྲིམས་སྒྱུར་གྱི་མཐའ་ཚད་བརྟན་པོ་བསྲུངས་ནས་གཞུང་དྲང་དྲང་བདེན་ཐུབ་པར་བྱེད་དགོས་ཞེས་བརྗོད་བྱུང་།
མང་ཚོགས་ཀྱི་བྱ་བ་ཇི་ཙམ་ཆུང་ཡང་དོན་ཆེན་ཡིན། གྱོད་གཞིའི་གནས་ཚུལ་རྒྱུས་མངའ་ཆེ་བས་འགལ་ཟླ་མགྱོགས་མྱུར་ཐག་གཅོད་བྱེད་པར་ཕན་ཐོགས་ཡོད། མང་ཚོགས་ཀྱི་ཁེ་དབང་སྲུང་སྐྱོང་ལ་འཐུས་ཤོར་གཏོང་མི་རུང་། ཁོང་གིས་གསར་འགོད་པར་མིག་སྔར་གྱོད་གཞི་འགའ་ཞིག་སྔར་བཞིན་དྲ་ཐོག་ནས་ཁྲིམས་ར་འཚོག་རྒྱུ་དང་ཕྱིས་སུ་མུ་མཐུད་དྲ་ཐོག་ནས་དུས་ཐོག་ཏུ་ཁྲིམས་ར་འཚོག་རྒྱུ་མཐའ་འཁྱོངས་བྱས་ཏེ་མང་ཚོགས་ཀྱི་འཕྲལ་མཁོ་དང་དཀའ་གནད་སེལ་གྱི་ཡིན་ཞེས་བརྗོད།
དྲ་ཐོག་གི་ཁྲིམས་རའི་འདྲི་གཅོད་སྐོར་གླེང་སྐབས། ཞུ་སྦྱོར་སྔ་མའི་མངགས་བཅོལ་ལས་ཚབ་པས་ཐོག་མར་མི་རིགས་མང་བ་དང་ས་ཁོངས་བརྒལ་བས་འདྲི་གཅོད་ཀྱི་དུས་འཁོར་རིང་བ་དང་མ་གནས་མཐོ་བའི་སེམས་ཁྲལ་བྱུང་། ཁྲིམས་དཔོན་གྱིས་ནད་གཡོག་རྒྱུག་རིང་གྱོད་གཞི་མཐའ་འཁྱོངས་ངང་བསྒྲུབ་པ་ཤེས་སྐབས་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་ཞེས་གསར་འགོད་པར་བཤད།
ཞུ་སྦྱོར་ཕྱི་མས་གསར་འགོད་པར“འགལ་ཟླ་ཐག་གཅོད་མ་ཐུབ་ན་གསལ་འབྱེད་ཀྱི་འགྲོ་ལུགས་བརྒྱུད་དགོས་བསམས་བྱུང་། དྲ་ཐོག་འདུམ་གཅོད་སྟབས་བདེ་པོ་དེ་འདྲ་ཡོད་པ་བསམ་ཡུལ་ལས་འདས་སོང་། ཁྱིམ་དུ་བསྡད་ནས་ལག་ཐོགས་ཁ་པར་ནས་གྱོད་གཞི་ཐག་གཅོད་བྱས་པས་ཐེངས་མང་པོ་རྒྱུག་མི་དགོས་པ་མ་ཟད། འགྲོ་སོང་ཡང་གཏོང་དགོས་མིན་འདུག ཁྲིམས་དཔོན་གྱིས་ཕྱོགས་རིས་མེད་པར་བཅའ་ཁྲིམས་ལྟར་ཐག་གཅོད་བྱས་པས་ང་ཚོའི་སེམས་ནད་རྦད་དེ་སེལ་སོང”ཞེས་བཤད།
དྲ་ཐོག་ནས་གྱོད་གཞི་ཐག་གཅོད་བྱས་པའི་བྱེད་ཐབས་ཀྱིས་དམངས་ཁྲོད་ཀྱི་རྩོད་གཞི་མགྱོགས་མྱུར་ཐག་གཅོད་ཐུབ་ཡོད་ལ། མི་རིགས་མཐུན་སྒྲིལ་ལའང་སྐུལ་འདེད་ཐེབས་ཡོད།
འབྲེལ་ཡོད་གསར་འགྱུར།