གྲོང་ཁྱེར་སྔོ་འགྱུར་ལམ་བུ་བདེ་ཞིང་ཡངས། སྡོད་ཁང་མཛེས་ཤིང་ཡུལ་ལྗོངས་ལྟ་ན་སྡུག
—— ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་སྔོ་འགྱུར་གྱི་སྤུས་འབྲས་ལེགས་གཉེར་བྱས་ནས་མང་ཚོགས་འཚོ་བ་སྐྱིད་པོ་སྐྱེལ་རྒྱུ་ཡོང་བར་བྱས་པ།

འདི་ནི་ལྷ་ས་གྲོང་ཁྱེར་ནོར་སྟོད་ཤར་ལམ་གྱི་དཔྱིད་ཉམས་ཡིན་པ།
2024ལོར། ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་སྔོ་འགྱུར་གྱི་རིམ་སྤོར་སྒྱུར་བཀོད་ལས་གྲྭ་སྤེལ་འགོ་ཚུགས་པ་ནས་བཟུང་། གྲོང་ཁུལ་གྱི་འགྲོ་ལམ་མང་པོ་ཞིག་སྔོ་འགྱུར་རིམ་སྤོར་ལེགས་གྲུབ་བྱུང་ནས“ཁྲོམ་གཞུང་གཅིག་ལ་མཛེས་ལྗོངས་གཅིག”གི་འགྲོ་ལམ་གྱི་སྐྱེ་ཁམས་མཛེས་ལྗོངས་རིམ་བཞིན་ཆགས་ཡོད་པ་རེད། གྲོང་ཁུལ་གྱི་སྤྱི་གླིང་དང་ཁྲོམ་གཞུང་དུ་འཆམ་འཆམ་ལ་འགྲོ་སྐབས། གང་ས་གང་དུ་སྔོ་ལྗང་གོས་ཀྱིས་བརྒྱན་པ་དང་མེ་ཏོག་རབ་ཏུ་བཞད་པས་གྲོང་མི་རྣམས་སྔོ་ལྗང་ཁུལ་དུ་གནས་པ་དང་གཉིས་སུ་མ་མཆིས། “གྲོང་ཁྱེར་སྔོ་ལྗང་གིས་བརྒྱན་པའི”མཛེས་སྡུག་ལྡན་པའི་རྣམ་པ་དེས་མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་སྣང་ཟབ་ཏུ་འགྲོ་བཞིན་ཡོད་པ་རེད།
ཁྲོམ་གཞུང་གང་སར་མེ་ཏོག་རབ་ཏུ་བཞད།
དཔྱིད་ཉམས་ལ་ལྟ་བར་སྐྱོད་པ།
ཉིན་ཤས་གོང་། ལྷ་སའི་འགྲོ་ལམ་མང་པོར་ལོ་མ་སྨུག་པོའི་ལི་ཧྭ་མེ་ཏོག་དང་ཁམ་བུའི་མེ་ཏོག་གཅིག་རྗེས་གཉིས་མཐུད་ངང་རབ་ཏུ་བཞད་པ་དང་། སྤྱི་སྤྱོད་རླངས་འཁོར་འབབ་ཚུགས་ཀྱི་ཉེ་འགྲམ་དང་། ཞོགས་ཟས་ཟ་ཁང་གི་སྒོ་འགྲམ། སྤྱི་གླིང་ནང་། སྐྱིད་ཆུའི་ངོགས་བཅས་སུ་མེ་ཏོག་ཟིང་སྐྱ་རབ་ཏུ་བཞད་ནས་གྲོང་མི་དང་ཡུལ་སྐོར་བ་མི་ཉུང་བ་ཞིག་གི་ཡིད་དབང་བཀུག་ཡོད།
དམག་དམངས་ལམ་དུ་འཆམ་འཆམ་ལ་སྐྱོད་སྐབས། ལམ་འགྲམ་གྱི་ལོ་མ་སྨུག་པོའི་ལི་ཧྭ་མེ་ཏོག་དང་གྱང་སྐོར་ནང་གི་ཁམ་བུའི་མེ་ཏོག་རབ་ཏུ་བཞད་པ་དེ་དཔྱིད་དུས་ཀྱི་མི་སེམས་འགུལ་ཤོས་ཀྱི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད།
གྲྭ་བཞི་ཁྲོམ་གཞུང་གི་ལས་དོན་པ་ཧོ་ཆན་གྱིས། དམག་དམངས་ལམ་ནི་གྲྭ་བཞི་ཁྲོམ་གཞུང་གི་ཁོངས་སུ་གནས་པ་དང་ཟླ་3པའི་ཟླ་མཇུག་ཏུ་སྲོལ་རྒྱུན་རིག་གནས་རྒྱན་གོས་འགྲེམས་སྟོན་བྱེད་སྒོ་ཞིག་སྤེལ་ཞིང་། རབ་ཏུ་བཞད་པའི་མེ་ཏོག་དང་ངོ་མཚར་ཆེ་བའི་འགྲེམས་སྟོན་གཉིས་ཕན་ཚུན་སྤེལ་རེས་ཚུལ་དུ་གནས་པས་ཡུལ་སྐོར་བ་དང་གྲོང་མི་མང་པོ་ཞིག་མེ་ཏོག་ལ་ལྟ་བར་ཡོང་བའི་་ཡིད་དབང་བཀུག་སྟེ་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་དང་དཔྱིད་ཉམས་ཚོར་ཐུབ་པར་བྱས་ཡོད་ཅེས་བརྗོད།
དམག་དམངས་ལམ་ཕུད། ཚེས་གསུམ་ཐང་ལམ་དང་། སྐུ་འབུམ་ཐང་ལམ། གཙང་འགྲམ་ལམ། ནོར་སྟོད་ནུབ་ལམ། ལྗོངས་ཐད་གཏོགས་ལས་དོན་ཨུ་ལྷན་ལམ། ཉང་བྲན་བྱང་ལམ། ཞིང་ལས་ཚན་རིག་ལམ་སོགས་གཞུང་ལམ་གྱི་གཞོགས་གཉིས་སུ་ལོ་མ་སྨུག་པོའི་ལི་ཧྭ་མེ་ཏོག་དང་ཁམ་བུའི་མེ་ཏོག་རབ་ཏུ་བཞད་ཡོད། ལམ་དེ་དག་ཐོག་བསྐྱོད་སྐབས། འགྲོ་ལམ་གཞོགས་གཉིས་ཀྱི་མེ་ཏོག་དང་ཤིང་སྡོང་ནི་དཔྱིད་ཀྱི་དཔལ་ཡོན་གྱིས་རབ་ཏུ་བརྒྱན་ནས་སྔོ་ལྗང་དང་ཟིང་སྐྱར་གྱུར་ཡོད་པ་དང་། ཐ་ན་སྤྱི་སྤྱོད་རླངས་འཁོར་འབབ་ཚུགས་ཀྱང་མེ་ཏོག་གིས་བརྒྱན་ནས་འཆར་ཡན་དང་མཛེས་སྡུག་ལྡན་པ་ཞིག་ཡོད་པས། མེ་ཏོག་གིས་བསྐོར་བའི་གར་སྟེགས་ཆུང་ཆུང་ཞིག་དང་གཉིས་སུ་མ་མཆིས།
སྤྱི་གླིང་གང་སར་སྔོ་ལྗང་གོས་ཀྱིས་བཀླུབས།
སྤྲོ་གསེང་གི་དུས་ཚོད་ལོངས་སུ་སྤྱོད་པ།
ནོར་སྟོད་ནུབ་ལམ་དུ་གསར་འགོད་པར་འཆམ་འཆམ་བྱེད་བཞིན་ཡོད་པའི་བགྲེས་སོང་འཇམ་དབྱངས་བློ་གྲོས་དང་འཕྲད་བྱུང་། སྔ་དྲོ་དང་ཕྱི་དྲོའི་དུས་སུ་ཁོང་འཆམ་འཆམ་དུ་ཡང་སེ་འགྲོ་གི་ཡོད། སྐབས་རེ་མཐུན་སྒྲིལ་སྤྱི་གླིང་དང་། སྐབས་རེ་རྫོང་རྒྱབ་ཀླུ་ཁང་། ཡང་སྐབས་འགར་ནོར་བུ་གླིང་ཁ་ལམ་དང་། ནོར་སྟོད་ལམ། པེ་ཅིང་ལམ། ཉང་བྲན་ལམ་བཅས་བརྒྱུད་འཆམ་འཆམ་བྱས་ཏེ་གོམ་སྟབས་རེ་རེར་བརྟེན་ནས་མཛེས་སྡུག་ལྡན་པའི་གྲོང་ཁྱེར་དེར་ཚད་འཇལ་བྱས་ཏེ་དཔྱིད་ཀྱི་དཔལ་ཡོན་ཉམས་སུ་མྱོང་གི་ཡོད།
“དཔྱིད་ཀར་འགྲོ་ལམ་གཞོགས་གཡས་གཡོན་དུ་ཁམ་བུའི་མེ་ཏོག་རབ་ཏུ་བཞད་པ་མ་ཟད། རྒྱ་ལྕང་ལའང་མྱུ་གུ་གསར་པ་འབུས་ཡོད། ང་དང་བཟའ་ཟླ་ཉིན་ལྟར་སྤྱི་གླིང་དུ་ལུས་སྦྱོང་བྱེད་པར་འགྲོ་གི་ཡོད”ཅེས་བགྲེས་སོང་འཇམ་དབྱངས་བློ་གྲོས་ཀྱིས་འཛུམ་དམུལ་དམུལ་ངང་བརྗོད་པ་དང་། ཁོང་གིས། ལོ་20ལྷག་ཙམ་གོང་། ནོར་སྟོད་ལམ་དུ་སྦྱར་པ་དང་རྒྱ་ལྕང་ཁ་ཤས་ཕུད་དེ་མིན་རྩྭ་རྩི་ཤིང་དང་མེ་ཏོག་གཞན་ཧ་ལམ་མཐོང་རྒྱུ་མེད། ད་ཆ་ལམ་དེར་ཁམ་སྡོང་དང་ལོ་མ་སྨུག་པོའི་ལི་ཤིང་ཡོད་པ་མ་ཟད། ད་དུང་ལོ་ཆེན་སྦྱར་སེར་དང་རྒྱ་སེའི་མེ་ཏོག་སོགས་མང་པོ་ཡོད། གྲོང་ཁུལ་གྱི་སྤྱི་གླིང་དང་ཁྲོམ་གཞུང་དུ་མེ་ཏོག་དང་རྩྭ་རྩི་ཤིང་ཇེ་མང་ནས་ཇེ་མང་དུ་སོང་བས། མཁའ་རླུང་སྔར་བས་གཙང་བ་མ་ཟད་གྲོང་མིའི་བདེ་སྐྱིད་སྟོན་གྲངས་ཀྱང་མངོན་གསལ་དོད་པོས་མཐོ་རུ་འགྲོ་བཞིན་ཡོད་ཅེས་བརྗོད།
རྫོང་རྒྱབ་ཀླུ་ཁང་དང་། ནོར་བུ་གླིང་ཁ། སྐལ་བཟང་མེ་ཏོག་སྤྱི་གླིང་སོགས་སྲོལ་རྒྱུན་གྱི་སྤྱི་གླིང་ཕུད། 2025ལོར་བསྐྲུན་ནས་སྤྱོད་འགོ་ཚུགས་པའི་མཐུན་སྒྲིལ་སྤྱི་གླིང་ཡང་རྒྱ་ཆེའི་གྲོང་མི་ཚོའི་སྤྲོ་གསེང་བྱ་ཡུལ་གལ་ཆེན་ཞིག་ཏུ་གྱུར་ཡོད།
ལྗང་མདོག་རིམ་སྤོར་བྱས་ནས།
སྐྱེ་ཁམས་ཀྱི་འཆར་གཞི་བཀོད་པ།
ཚ་དྲོད་འཕེལ་བ་དང་བསྟུན་ནས་ཐམས་ཅད་གཉིད་ལས་སད་པ་ལྟར་གྱུར་ཞིང་། གནའ་གྲོང་ལྷ་སར་ཡང་མཛེས་སྡུག་ལྡན་པའི་དཔྱིད་ཀྱི་དཔལ་ཡོན་བཞད། དུས་ཚིགས་འདི་ནི་སྐྱེད་ཚལ་གྱི་བདག་སྐྱོང་མི་སྣའི་ངོས་ནས་བཤད་ན། བགྲོད་ལམ་སྔོ་འགྱུར་གྱི་དུས་ཚིགས་ལེགས་ཤོས་ཤིག་རེད།
ལིའུ་ཀོང་ཏེ་ནི་ལྷ་ས་གནས་མཆོག་སྐྱེ་ཁམས་སྐྱེད་ཚལ་འཛུགས་སྐྲུན་མ་འཇོག་ཚད་ཡོད་ཀུང་སིའི་སྐྱེད་ཚལ་གྱི་ལས་དོན་པ་ཞིག་རེད། ཁོང་གིས་གཙོ་བོ་ནོར་སྟོད་ལམ་དང་། བདེ་སྐྱིད་ལམ། ནོར་བུ་གླིང་ཁ་ལམ་སོགས་ལམ་དུམ་གྱི་སྔོ་འགྱུར་ལས་དོན་གྱི་འགན་འཁུར་བཞིན་ཡོད། ལོ་ལྟར་གྱི་ཟླ་བ་གསུམ་པ་ནས་ལྔ་པའི་བར་ནི་དཔྱིད་དུས་སྡོང་ཕྲུག་གཡོག་བྱེད་ཀྱི་འགག་རྩའི་དུས་ཚིགས་ཡིན་པས། བདག་སྐྱོང་ཚོགས་པས་དཔྱིད་དུས་ཀྱི་བདག་སྐྱོང་ལས་དོན་ཕྱོགས་ཡོངས་ནས་སྤེལ་བཞིན་ཡོད་པ་རེད།
2025ལོར། ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་སྔོ་འགྱུར་རིམ་སྤོར་སྒྱུར་བཀོད་ལས་གྲྭ་དམངས་འཚོའི་དོན་དངོས་20ཡི་ནང་བཅུག་ཅིང་། མཐུན་སྒྲིལ་སྤྱི་གླིང་མཛེས་སྡུག་ལྡན་པར་བསྐྲུན་པ་དང་། ནོར་བུ་གླིང་ཁའི་འཛུལ་སྒོའི་སྤྱི་གླིང་དང་། སྟོད་ལུང་བདེ་ཆེན་ཆུས་ཀྱི་མི་རིགས་མཐུན་སྒྲིལ་སྤྱི་གླིང་། ལྷ་ས་མཐོ་གསར་ཁུལ་གྱི་འཛུལ་སྒོ དུས་རབས་ལམ་ཆེན། ཤར་སྐོར་ལམ། ལྷ་ས་མེ་འཁོར་འབབ་ཚུགས་ཐང་ཆེན་བཅས་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་ཡོད། དེ་ཡང་གྲོང་ཁྱེར་གྱི་འགྲོ་ལམ་དང་། སྤྱི་གླིང་། སྒོ་ར་བཅས་ཀྱི་སྔོ་འགྱུར་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ་བརྒྱུད། སྤྱི་ལེ་100ལྷག་ཙམ་གྱི་ལྗོན་ཤིང་ར་བས་གྲོང་ཁྱེར་ལ་ལྗང་མདོག་གི་ཁྱམས་རིང་ཞིག་བསྐྲུན་པ་དང་། ལམ་ཟུར་སྤྱི་གླིང་46གིས་གྲོང་ཁྱེར་གྱི་ལྗང་མདོག་བར་མཐོངས་ཕུན་སུམ་ཚོགས་སུ་བཏང་བས“གྲོང་ཁྱེར་སྔོ་ལྗང་གིས་ཁེངས་པ”དེ་གྲོང་ཁྱེར་གྱི་སྐྱིད་སྣང་དོད་ཤོས་ཀྱི་རང་མདངས་སུ་གྱུར་ནས་གྲོང་མི་ཚོར་གྲོང་ཁྱེར་འཕེལ་རྒྱས་ཀྱི་ཕན་འབྲས་ལོངས་སུ་སྤྱོད་ཐུབ་ཡོད།
ལྷ་སར་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་ཅིང་། ལྷ་སའི་གནས་མཆོག་སྐྱེ་ཁམས་སྐྱེད་ཚལ་འཛུགས་སྐྲུན་མ་འཇོག་ཚད་ཡོད་ཀུང་སིའི་རྣམ་གྲངས་ལག་རྩལ་གྱི་འགན་འཁུར་བ་ལིའུ་ཀོང་ཏུང་གིས། ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དོ་དམ་འགྲོ་ལམ་སྔོ་འགྱུར་རིམ་སྤོར་སྒྱུར་བཀོད་ལས་གྲྭ(དུས་ཐེངས་དང་པོ)ཁྱོན་ཡོངས་ནས་ལས་མཇུག་འགྲིལ་ཞིང་། རྣམ་གྲངས་ཀྱི་སྤྱིའི་རིང་ཚད་སྤྱི་ལེ་26.59ཟིན་པ་དང་། འགྲོ་ལམ་19ལ་ཁྱབ་ཡོད། སྔོ་འགྱུར་སྒྱུར་བཀོད་ཀྱི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་11ཙམ་ཟིན་པ་མ་ཟད། 2025ལོའི་ཟླ་5པར་ཚང་མ་ལས་མཇུག་འགྲིལ་ནས་སྤྱོད་འགོ་ཚུགས་ཡོད་ཅེས་བཤད།
ལྷ་ས་གྲོང་ཁྱེར་གྱི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་གྲངས་གཞི་ལས་མངོན་པར། ལོ་ལྔའི་རིང་། གྲོང་ཁྱེར་ཡོངས་སུ་རིམ་རྩིས་བརྒྱབ་ན་ལྷོ་རི་བྱང་རིར་སྔོ་འགྱུར་ནགས་བཟོ་མུའུ་ཁྲི་91.98ལེགས་གྲུབ་ཟིན་པ་དང་། གྲོང་ཁྱེར་གྱི་སྔོ་འགྱུར་ནགས་བཟོ་རྒྱ་ཁྱོན་མུའུ་4500ལྷག་ཙམ་དང་ཆུའི་ཁྱབ་ཁྱོན་མུའུ་ཁྲི་1.2མང་དུ་ཕྱིན་ཡོད། ད་ཆ་ལྷ་སར་རྩྭ་རྩི་ཤིང་སྔོ་ཐིང་ཐིང་དུ་གྱུར་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད་པ་དང་། རི་ཀླུང་ཀུན་ལྗོན་ཤིང་གིས་བརྒྱན་ནས“གྲོང་ཁྱེར་ནགས་ཚལ་ཁྲོད་དུ་གནས་པ་དང་། འགྲོ་ལམ་གཡས་གཡོན་སྔོ་ལྗང་གིས་ཁེངས་པ། སྡོད་ཁང་ལྡུམ་རའི་ཁྲོད་གནས་པ། མི་རྣམས་མཛེས་ལྗོངས་ཁྲོད་རྒྱུ་བ”བཅས་ཀྱི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཀྱི་དཔེ་རིས་ཤིག་གྲུབ་ཡོད།
འབྲེལ་ཡོད་གསར་འགྱུར།