དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • གེ་སར་རྩི་ཏོག་ཐགས་སུ་བཀྲ ཐོན་ལས་དར་བས་འབངས་རྣམས་སྐྱིད།

    —— སྣང་རྫོང་གིས་ཚད་གཞི་མཐོ་བའི་འདེབས་འཛུགས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-29

    ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་གདོང་དཀར་གྲོང་རྡལ་བྲག་ཕྱི་ཐང་གི་ཚད་གཞི་མཐོ་བའི་ཀུ་ཤུའི་འདེབས་འཛུགས་རྟེན་གཞིར་སྐྱོད་སྐབས། མུའུ་སྟོང་གི་རབ་ཏུ་བཞད་པའི་ཀུ་ཤུའི་མེ་ཏོག་དང་གྲལ་སྟར་འགྲིག་པའི་ཤིང་འབྲས་སྡོང་པོ་ཕན་ཚུན་གཅིག་ལ་གཅིག་བརྒྱན་གྱི་ཚུལ་དུ་གནས་པས་གསོན་ཤུགས་ཀྱིས་ཁེངས་ཡོད། རེ་བས་ཁེངས་པའི་གྲོང་གསེབ་ཀྱི་ཞིང་ཐང་ལས་སླར་ཡང་ལོ་ལེགས་ཡོང་བའི་སྔ་ལྟས་བཟང་པོ་མངོན་བཞིན་མཆིས།

    རྟེན་གཞིར་ཤིང་འབྲས་སྡོང་པོ་གྲལ་སྟར་འགྲིག་པོས་བཏབ་ཡོད་པ་དང་། ཤིང་འབྲས་སྡོང་པོའི་འདེགས་སྐྱོར་ཚད་དང་ལྡན་ཞིང་། རིག་ནུས་ཅན་གྱི་ཞིང་ནང་གཡོག་བྱེད་སྒྲིག་ཆས་སྣ་ཚོགས་གང་དགོས་ཆ་ཚང་ཡོད། རྟེན་གཞིས་སྲོལ་རྒྱུན་གྱི་རགས་ལས་འདེབས་འཛུགས་བྱེད་སྟངས་དོར་ནས་བརྒྱུད་རིམ་ཧྲིལ་པོར་དེང་རབས་ཅན་གྱི་ཚད་གཞི་མཐོ་བའི་འདེབས་འཛུགས་དོ་དམ་བྱེད་སྟངས་ཁྱབ་གདལ་བཏང་ཡོད། སྤུས་ལེགས་ཤིང་འབྲས་འདེབས་འཛུགས་དང་། ས་རྒྱུ་ཚན་རིག་དང་མཐུན་པའི་ངང་ལེགས་བཅོས། ཆུ་ལུད་རན་པོ་རྒྱག་པ་བཅས་ནས་ནད་འབུ་སྔོན་འགོག་ཚོད་འཛིན་དང་། མེ་ཏོག་དང་ཤིང་འབྲས་ལ་གཡོག་བྱེད་ཞིབ་ཚགས་བྱེད་པ། ཤིང་འབྲས་སྡོང་པོར་ཡལ་བཞུར་རྒྱག་པ་སོགས་བརྒྱུད་རིམ་རེ་རེ་ལས་ས་གནས་དེ་གའི་ཀུ་ཤུའི་ཐོན་ལས་དེ“གནམ་གཤིས་ཁོ་ནར་བརྟེན་པའི”སྲོལ་རྒྱུན་གྱི་བྱེད་སྟངས་ནས་ཞིབ་ཚགས་ཅན་དང་། རིག་ནུས་ཅན། གཞི་ཁྱོན་ཅན་བཅས་ཀྱི་དེང་རབས་ཅན་གྱི་འདེབས་འཛུགས་ཕྱོགས་སྒྱུར་རིམ་སྤོར་ལ་རིམ་བཞིན་སྐུལ་འདེད་བཏང་སྟེ“ཀུ་ཤུ་ཆུང་ངུ”དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་ཐུབ་པ་བྱུང་ཡོད། “2025ལོ་བར་རྟེན་གཞིའི་ཀུ་ཤུ་འདེབས་འཛུགས་ཀྱི་གཞི་ཁྱོན་མུའུ་2055བར་ཟིན་པ་དང་གཞི་ཁྱོན་ཅན་གྱི་ཕན་འབྲས་རིམ་བཞིན་ཆེ་རུ་ཕྱིན་ཡོད”ཅེས་རྟེན་གཞིའི་ལས་དོན་པ་ངག་དབང་ཆོས་སྒྲོན་གྱིས་དགའ་ཚོར་ཆེན་པོས་ངོ་སྤྲོད་བྱས།

    ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་གཏོང་བར་མ་དངུལ་གཏོང་རྒྱུ་ནི་འགག་རྩ་རེད། ཉེ་བའི་ལོ་ཤས་རིང་། རྟེན་གཞིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཞིང་ལས་ལག་རྩལ་ཞིབ་འཇུག་གསར་སྤེལ་ཐད་མ་དངུལ་མུ་མཐུད་མང་དུ་བཏང་ནས་རིག་ནུས་ལྟ་ཞིབ་ཚད་ལེན་དང་། ཆུ་ལུད་གཞི་གཅིག་ཅན་གྱི་ཐིགས་ཆུ་གཏོང་བ། ནད་འབུའི་གནོད་འཚེ་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་བཅས་ལེ་ལག་ཚང་བའི་མ་ལག་ཆེན་པོ་གསུམ་འཛུགས་སྐྱོང་ཞིབ་ཚགས་བྱས་ཏེ་ཤིང་འབྲས་སྡོང་པོའི་སྐྱེ་འཚར་གྱི་བརྒྱུད་རིམ་ཧྲིལ་པོར“ཚན་རྩལ་གྱི་སྲུང་སྐྱོང”ལྡན་པ་བྱས་ཡོད།

    ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར་བ་ནི་རྟེན་གཞིའི་སྤུས་འབྲས་ལེགས་གཉེར་གྱི་འགག་རྩ་ཡིན། ཀུ་ཤུ་རེ་རེ་སྐྱེ་འཚར་ཡག་པོ་ཡོང་ཆེད། རྟེན་གཞིའི་ཞིང་ལས་ལག་རྩལ་ཚོགས་པས་ཀུ་ཤུའི་གཡོག་བྱེད་ཀྱི་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་པ་དང་། རྟེན་གཞིའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཤིང་འབྲས་སྲབ་གཏོང་གི་ལག་རྩལ་ཇུས་གཞི་བཟོས་ནས་མེ་ཏོག་བཞད་པའི་དུས་དང་འབྲས་བུ་འདོགས་པའི་དུས་ཐེངས་གཉིས་ལ་གཡོག་བྱེད་ཞིབ་ཚགས་བྱས་ཏེ་ལྷོད་གཡེང་རྩ་བ་ནས་གཏོང་གི་མེད་པ་རེད།

    ཐོན་ལས་དར་རྒྱས་བྱུང་ན་གཞི་ནས་མི་སེར་ལ་འབབ་འཕར་ཡོང་ཐུབ། རྟེན་གཞི་གཉེར་སྐྱོང་བྱེད་འགོ་ཚུགས་པ་ནས་བཟུང་། “དམངས་ཕྱུག་གྲོང་དར་”གྱི་ཐོག་མའི་བསམ་འདུན་ཐོག་མཐའ་བར་གསུམ་དུ་བརྟན་སྲུང་བྱས་ཏེ་ལོ་འཁོར་མོར་ཡལ་བཞུར་རྒྱག་མཁན་དང་འཐུ་མཁན་སོགས་རྒྱུན་མཐུད་རང་བཞིན་གྱི་ལས་མི་བསྡུས་པ་དང་། གྲོང་ཚོའི་རྒན་རྒོན་དང་བུད་མེད་སོགས་ས་གནས་དེ་རང་དུ་ལས་ཞུགས་ཐུབ་པ་བྱས་ཏེ་མང་ཚོགས་ལ“ཁྱིམ་སྐྱོང་དང་འབབ་འཕར”གཉིས་ཀ་འཐུས་ཤོར་མི་འགྲོ་བ་བྱས་ཡོད།

    ད་ཆ་ཀུ་ཤུའི་ར་བ་ལས་གྲོང་གསེབ་ཀྱི་མཛེས་སྡུག་ལྡན་པའི་རྣམ་པ་མངོན་པ་མ་ཟད། ས་གནས་དེ་གའི་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་ཡང་མཚོན་གྱི་ཡོད་པས། མང་ཚོགས་ལ་འབབ་འཕར་བརྟན་པོ་དང་གྲོང་གསེབ་ཡུན་རིང་འཕེལ་རྒྱས་ཡོང་བར་རྨང་གཞི་བརྟན་པོ་བཏིང་བ་དང་དུས་མཚུངས་གྲོང་གསེབ་དར་རྒྱས་ཀྱི་ལམ་བུའི་ཐོག་མི་སེམས་འགུལ་བའི་ལེའུ་གསར་རྩོམ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།