དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱི་མཐོ་གྲང་འབྲོག་ཁུལ་དུ་མྱུར་སྐྱེལ་བསྐུར་མ་ལག་འབྱོར་ཐུབ་པ།

    ཁོངས་གཏོགས་ཁུལ་གྱི་འབྲོག་དུད་ཁྲི་གཅིག་དང་དགུ་སྟོང་ལྷག་ཙམ་ལ་ཁྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-29

    ས་བབ་སྨི་4500ཟིན་པའི་མཐོ་གྲང་འབྲོག་ཁུལ་དུ་བསྐུར་མ་གཅིག་སྐྱེལ་བའི་མ་གནས་ཀླུང་ཐང་ཁུལ་ལས་ལྡབ་4ཡིས་མཐོ་བ་ཡོད། ད་ཆ་དུད་ཚང་དུ་མྱུར་སྐྱེལ་ཤར་གཏོང་ཐུབ་ནས་འབྲོག་པའི་སྒོ་འགྲམ་དང་སྦྲ་གུར་ནང་སྐྱེལ་གྱི་ཡོད། ཉིན་ཤས་གོང་། གསར་འགོད་པར་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ནས་ཤེས་རྟོགས་བྱུང་བར། ནག་ཆུ་གྲོང་ཁྱེར་གྱི་ཞིང་འབྲོག་ཁུལ་ཧྲིལ་པོར་ཞིང་འབྲོག་ཁུལ་གྱི་མྱུར་སྐྱེལ་ཟོག་འགྲུལ་མ་ལག་ཁྱབ་གདལ་བཏང་བའི“མྱུར་སྐྱེལ་བསྐུར་མ་སྒོ་རྩར་སྐྱེལ་བའི”རྫོང(ཆུས)ཐོག་མ་ཡིན་པའི་གསེར་རྙེད་ཆུས་སུ་ད་ལོའི་ཟླ་3ཚེས་16ཉིན་ནས་ལས་དོན་དེ་སྤེལ་འགོ་ཚུགས་པས། མྱུར་སྐྱེལ་ཞབས་ཞུ“གྲོང་ཚོ་ཀུན་ཁྱབ”ནས“དུད་ཚང་ཀུན་ཁྱབ”བར་མངོན་འགྱུར་བྱུང་སྟེ་ཁོངས་གཏོགས་ཁུལ་གྱི་འབྲོག་དུད་19120ལ་ཁྱབ་ཡོད་པ་རེད།

    མིག་སྔའི་བར། ཆུས་དེས་རིམ་རྩིས་བརྒྱབ་ན། མྱུར་སྐྱེལ་བསྐུར་མ་4824སྒོ་རྩར་བསྐྱལ་བ་མ་ཟད། ཞིང་འབྲོག་ཐོན་རྫས་དང་མི་རིགས་ལག་ཤེས་ཐོན་རྫས་སོགས་འབྲོག་ཁུལ་གྱི་ཁྱད་ལྡན་ཐོན་རྫས་170ལྷག་ཙམ་ལག་ཞོར་དུ་གྲོང་ཚོ་ནས་བསྐུར་ཐུབ་པ་བྱུང་ཡོད། བྱང་རྩྭ་ཐང་དང་ཕྱི་ཕྱོགས་སྦྲེལ་བའི་ཕྱོགས་གཉིས་ཀྱི་ཟོག་འགྲུལ་དྲ་རྒྱ་མགྱོགས་མྱུར་འཁོར་སྐྱོད་ཐུབ་པས་དམངས་ཕན་ཞབས་ཞུ་དང་། མང་ཚོགས་ལ་འབབ་འཕར། ཐོན་ལས་དར་རྒྱས་སོགས་ཀྱི་ཐད་ཕན་འབྲས་མང་པོ་ཐོན་ཡོད།

    གསེར་རྙེད་ཆུས་ཀྱིས“མྱུར་སྐྱེལ་བསྐུར་མ་སྒོ་རྩར་སྐྱེལ་བ”དེ“འགོ་གཙོ་དང་པོའི”འདུ་འགོད་ནང་བཅུག་ནས་སྒྱུར་བཅོས་ལས་དོན་གྱི་ཆེད་སྒྲུབ་ཚན་ཁག་བཙུགས་པ་དང་རིམ་རྩིས་བརྒྱབ་ན་ཆེད་དོན་མ་དངུལ་སྒོར་ཁྲི་192.5བཏང་ཡོད། ཆུས་དེས་ས་ཚིགས་མཐའ་མ་དང་། སྐྱེལ་འདྲེན་རླངས་འཁོར། ས་མཐོའི་དངོས་ཟོག་སོགས་ཐད་ཀྱི་ཞན་ཆ་གཙོ་གནད་ཐོག་བསལ་ཡོད། དེ་དང་ཆབས་ཅིག རྒྱུན་རྣམ་ཅན་གྱི་མཉམ་འབྲེལ་ཚོགས་འདུའི་ལམ་ལུགས་བཙུགས་ནས་སྦྲག་སྲིད་ཀྱི་ཚགས་ཚུད་པའི་དྲ་རྒྱའི་མ་ལག་ལ་བརྟེན་ཏེ་རིགས་ཁག་གི་མྱུར་སྐྱེལ་ཁེ་ལས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་མྱུར་སྐྱེལ་དངོས་ཟོག་སྲིད་འཛིན་གྲོང་ཚོ་146གི་ཏང་དམངས་ཞབས་ཞུའི་ལྟེ་གནས་སུ་ཐད་ཀར་འབྱོར་བར་སྐུལ་འདེད་བཏང་ཡོད། 2025ལོར་གསེར་རྙེད་ཆུས་ཀྱིས་ནག་ཆུ་གྲོང་ཁྱེར་དུ“མྱུར་སྐྱེལ་བསྐུར་མ་གྲོང་ཚོར་སྐྱེལ་བ”སྔོན་ལ་མངོན་འགྱུར་ཐུབ་པ་བྱས་ཡོད།

    གྲོང་ཚོར་སྐྱེལ་བ་ནི་གོམ་སྟབས་དང་པོ་ཡིན་པ་དང་སྒོ་རྩར་སྐྱེལ་བ་ནི་འགག་རྩ་རེད། གསེར་རྙེད་ཆུས་ཀྱིས“འཐབ་ས་དང་པོའི་ལས་ཀའི་བྱ་ཐབས”མཐའ་འཁྱོངས་བྱས་ཏེ་རིམ་རྩིས་བརྒྱབ་ན་སྐྱེལ་འདྲེན་ལམ་ཐིག་སྟོང་ཙམ་རྩད་ཞིབ་ཐུབ་པ་མ་ཟད། ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ“རིམ་བཞིའི་དྲ་རྒྱ་བསྐྱར་འཛུགས་དང་། ཆེད་བསྐོས་དཔུང་ཁག་སྟོབས་ཆེར་གཏོང་བ། ས་མཐོའི་སྐྱེལ་འདྲེན་ནུས་པ་ཆེ་རུ་གཏོང་བ”བཅས་ཀྱི་སྒྱུར་བཅོས་བྱ་ཐབས་གསུམ་གནད་སྨིན་ལག་བསྟར་བྱས་ཡོད། ཆུས་དེས“ཆུས་ཀྱི་ལྟེ་གནས་དང་། གྲོང་རྡལ་གྱི་ཞབས་ཞུའི་ས་ཚིགས། གྲོང་ཚོའི་ས་ཚིགས། སྒོ་རྩར་ཐད་སྐྱེལ”བཅས་རིམ་བཞིའི་སྡེབ་སྐྱེལ་མ་ལག་གསར་གཏོད་བྱས་ནས་བཙུགས་ཏེ“དོ་དམ་དང་། སྡེབ་སྐྱེལ། ཞབས་ཞུ”བཅས་ཟུང་འབྲེལ་གྱི་རིམ་གསུམ་ཆེད་བསྐོས་དཔུང་ཁག་དུས་གཅིག་ཏུ་བཙུགས་ནས“སྦྲག་སྲིད་དང་མྱུར་སྐྱེལ་མཉམ་ལས་དང་། འགྲུལ་ཟོག་དང་སྦྲག་བསྐུར”མཉམ་འདྲེས་འཕེལ་རྒྱས་གཏོང་སྟངས་ཁྱབ་གདལ་ཤུགས་ཆེན་བཏང་བ་དང་། རླངས་འཁོར་བཏང་ནས་བསྐུར་མ་སྐྱེལ་མཁན་21མང་དུ་བཏང་བ། སྡེབ་སྐྱེལ་ལམ་ཐིག་གཙོ་བོ་21བཀོད་སྒྲིག་ཞིབ་ཚགས་བཅས་བྱས་པ་མ་ཟད། “སྐྱེལ་བའི་མྱུར་ཚད་དང་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད”གཉིས་ཟུང་དུ་འབྲེལ་བའི་ཁ་ཆད་ལག་བསྟར་གྱི་ཞིབ་དཔྱད་ལམ་སྲོལ་བཙུགས་ཏེ་ལམ་ལུགས་ལ་བརྟེན་ནས་བསྐུར་མ་སྒོ་རྩར་སྐྱེལ་ཐུབ་པར་འགན་སྲུང་བྱས་ཡོད།

    གསེར་རྙེད་ཆུས་ཀྱིས་སྔོན་ལ་ཚོད་ལྟ་བྱས་ཏེ་བྱང་ཐང་དང་ཐ་ན་ལྗོངས་ཡོངས་ཀྱི་མཐོ་གྲང་འབྲོག་ཁུལ་གྱི་སྦྲག་བསྐུར་ཟོག་འགྲུལ་སྒྱུར་བཅོས་ལ་གསོན་ཉམས་དོད་པའི“གསེར་རྙེད་ཀྱི་མ་དཔེ”མཁོ་འདོན་བྱས་པས། མང་ཚོགས་ཀྱི་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་དང་བློ་ཡིད་ཚིམ་ཚད་རྒྱུན་མཐུད་མཐོ་རུ་འགྲོ་བཞིན་ཡོད། གསེར་རྙེད་ཆུས་སྟག་གསར་ཤང་ཕ་གཡུ་གྲོང་ཚོའི་འབྲོག་པ་དབང་གྲགས་ཚེ་དབང་གིས“དེ་སྔ་མྱུར་སྐྱེལ་བསྐུར་མ་ལེན་སྐྱེལ་བྱེད་སྐབས་སྤྱི་ལེ་བཅུ་ལྷག་ཙམ་འགྲོ་དགོས་པས་ཧ་ཅང་སྟབས་བདེ་པོ་མེད། ད་ལྟ་མྱུར་སྐྱེལ་བས་ཐད་ཀར་སྒོ་རྩར་སྐྱེལ་གྱི་ཡོད་པས་ཞབས་ཞུ་ཧ་ཅང་ཡག་པོ་འདུག”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།