དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་བྱ་གཞག་ལ་ཀྲུང་གོའི་ཇུས་གཞི་ལེགས་སྐྱེས་སུ་ཕུལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།   ཏེང་ཅན་ཡང་།   |     སྤེལ་དུས།  2026-05-29

    ལོ་8རིང་འགག་སྒྲོལ་བྱས་པ་ལས་རང་རྒྱལ་འདི་ཉིད་ལོ་རྒྱུས་རང་བཞིན་གྱི་དབུལ་པོའི་གནས་ལས་བསྒྲལ་ཡོད། ལོ་5ཡི་རིང་། རང་རྒྱལ་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་གཏོང་བ་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་དམིགས་ཚད་ལས་འགན་ཕུན་སུམ་ཚོགས་པོས་ལེགས་སྒྲུབ་བྱས་ནས་གཞི་ཁྱོན་ཆེ་བའི་དབུལ་ལོག་དང་དབུལ་ཕོངས་མི་ཐོན་པའི་མཐའ་ཚད་བརྟན་པོར་བསྲུངས་ཡོད།

    “ཀྲུང་གོའི་དབུལ་སྒྲོལ་གྱི་ལོ་རྒྱུས་ལམ་བུ་ལས། ཆུ་ཐིགས་ཀྱིས་བྲག་ལ་ཨི་ཁུང་འབིགས་པ་དང་འཆར་གཞི་གཅིག་མཐར་ཕྱིན་པ་འགོད་པ་དང་ལག་བསྟར་བྱེད་པའི་་སེམས་ཤུགས་དང་། སྙིང་རུས། འབད་འཐབ་ཀྱི་སྙིང་སྟོབས་བཅས་ལ་བརྟེན་ན་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དབུལ་པོའི་གནད་དོན་ཐག་གཅོད་ཐུབ་པ་དང་། བྱེའུ་ཉམ་ཞན་སྔོན་ལ་འཕུར་བ་དང་མཐོན་པོར་འཕུར་ཐུབ་པ་གསལ་བཤད་ཐུབ་ཡོད”ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་གྲུབ་འབྲས་ཐོབ་པའི་ངང་རྒྱལ་ཁ་བླངས་པའི་འཛམ་གླིང་གི་དོན་སྙིང་རྒྱས་བཤད་གཏིང་ཟབ་གནང་ཡོད།

    ད་ལོ་ནི་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་བྱེད་པའི་ལོ་དང་པོ་དེ་ཡིན་པ་དང་འཛམ་གླིང་སྐྱེ་བོ་ཀུན་གྱིས་ཀྲུང་གོར་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོས་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་གི་གནད་དོན་ཐད་གསར་གཏོད་ཀྱི་ཇུས་གཞི་ལེགས་སྐྱེས་སུ་ཕུལ་ནས་དབུལ་པོ་མེད་པ་དང་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་འབད་བརྩོན་ལྷོད་མེད་བྱེད་ཀྱི་ཡོད།

    དབུལ་ཕོངས་ལས་རྣམ་པར་རྒྱལ་ཐུབ་ལ་དེ་བཀག་འགོག་བྱས་ནས་བསྐྱར་ལོག་མི་ཐེབས་པའང་བྱེད་ཐུབ།

    རང་རྒྱལ་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་ནས་ལོ་10ཡི་སྔ་སྣུར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གྱི་དབུལ་པོ་ཉུང་གཏོང་གི་དམིགས་ཚད་མངོན་འགྱུར་བྱས་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རྒྱལ་ཡོངས་ཀྱི་དབུལ་སྒྲོལ་རྫོང་832ཚང་མར་ལེགས་ཆ་མངོན་གསལ་དོད་པ་དང་སྐུལ་ཁྲིད་ནུས་པ་ཆེ་བའི་གཙོ་ཁྲིད་ཐོན་ལས་2ནས་3བར་སྐྱེད་སྲིང་བྱས་ནས་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་1.7ལྷག་ཙམ་ཟིན་པ་དང་། དབུལ་སྒྲོལ་རྫོང་གི་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་ལོ་5བསྟུད་མར་རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་ཡུལ་མིའི་ཆ་སྙོམས་ཆུ་ཚད་ལས་མཐོ་ཞིང་། དབུལ་སྒྲོལ་གྱི་རྨང་གཞི་དེ་བས་བརྟན་པ་དང་ཕན་འབྲས་དེ་བས་རྒྱུན་མཐུད་ཐུབ་པ་བྱུང་ཡོད།

    “གཅིག་ཀྱང་ལུས་མི་རུང་བའི”དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་དང“གཞི་ཁྱོན་ཆེ་བའི་དབུལ་ལོག་དང་དབུལ་ཕོངས་སྔོན་འགོག་བྱེད་པའི”གྲུབ་འབྲས་སྲུང་སྐྱོང་གི་དམག་འཐབ་ཀྱི་ཀྲུང་གོའི་དབུལ་སྒྲོལ་ཉམས་མྱོང་གིས་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་གི་བྱ་གཞག་ལ་ཀྲུང་གོའི་ཇུས་གཞི་དང་ཀྲུང་གོའི་བློ་གྲོས་ལེགས་སྐྱེས་སུ་ཕུལ་ཡོད།

    ཝུ་ཀན་ཏའི་མུའུ་པཱ་ལའེ་གྲོང་ཁྱེར་དང་། ཐེན་ཅིན་བཟོ་ལས་ལས་རིགས་སློབ་གླིང་། ཨེར་ཀུང་ལས་རིགས་ལག་རྩལ་སློབ་གླིང་བཅས་ཀྱིས་ཀྲུང་ཝུ་མུའུ་པཱ་ལའེ་བཟོ་ལས་གླིང་ལ་བརྟེན་ནས་ཐུན་མོང་ཐོག་བསྐྲུན་པའི་ལུའུ་པན་བཟོ་ཁང་གིས་2020ལོ་ཚུན་དུ་བཟོ་ལས་གླིང་ལ་རྩལ་ནུས་ཤེས་ལྡན་པ་མི་ཐེངས་1200ལྷག་ཙམ་གསོ་སྦྱོང་བྱས་པ་དང་། ཁམ་ཕུ་ཁྲེའི་ཕང་ཆིང་དབྱང་ཞིང་ཆེན་དང་ཀོང་ཤིས་ཀྱིས་ཁམ་ཕུ་ཁྲེར་རོགས་སྐྱོར་བྱེད་པའི་དེང་རབས་ཞིང་ལས་ལག་རྩལ་མཉམ་ལས་ཀྱི་དབུལ་པོ་ཉུང་གཏོང་རྣམ་གྲངས་ཀྱི་རིག་ལྡན་སྔོ་ཚལ་དྲོད་ཁང་ཆེ་མོས་སྔོན་ཆད་ས་གནས་དེ་གའི“གནམ་ཆུ་སྒུག་དགོས་པའི”ཚལ་འདེབས་ཞིང་པར་ཚན་རིག་དང་མཐུན་པའི་ངང་ཚལ་འདེབས་རོགས་བྱས་པས་ཐོན་འབབ་བརྟན་པོ་བྱུང་ཡོད་པ་རེད།

    དམ་པ་དོན་གཉེར་གྱི་མཉམ་ལས་རེ་རེ་དོན་འཁྱོལ་བྱུང་བ་དང་སྦྲགས། དབུལ་པོ་ཉུང་གཏོང་གི་ཀྲུང་གོའི་ཉམས་མྱོང་ལས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དབུལ་སྒྲོལ་ཐུབ་པའི་གདེང་ཚོད་དང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད།

    མཉམ་འབྲེལ་རྒྱལ་ཚོགས་སློབ་ཚན་རིག་གསུམ་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཟུར་པ་པོ་ཁེ་ཝ་ཡིས། “གལ་ཏེ་ཀྲུང་གོས་སྒྲུབ་ཐུབ་ན་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་གིས་ཀྱང་སྒྲུབ་ཐུབ། དེ་ནི་ཀྲུང་གོའི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱིས་འཛམ་གླིང་ཡོངས་ལ་བློ་སྒོ་ཕྱེ་བ་ཞིག་རེད”ཅེས་ངོས་འཛིན་བྱས་པ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“གོམ་པ་རེ་རེ་བཞིན་བློ་རྩ་བརྟན་པོས་མདུན་སྐྱོད་དང་དུས་མཚམས་རེ་རེ་བཞིན་མདུན་དུ་སྐུལ་སྤེལ་གཏོང་དགོས”ཞེས་གསུངས་ཡོད། ཀྲུང་གོའི་དབུལ་སྒྲོལ་གྱི་ལོ་རྒྱུས་ལམ་བུ་ལས། ཆུ་ཐིགས་ཀྱིས་བྲག་ལ་ཨི་ཁུང་འབིགས་པ་དང་འཆར་གཞི་གཅིག་མཐར་ཕྱིན་པ་འགོད་པ་དང་ལག་བསྟར་བྱེད་པའི་སེམས་ཤུགས་དང་། སྙིང་རུས། འབད་འཐབ་ཀྱི་སྙིང་སྟོབས་བཅས་ལ་བརྟེན་ན་དབུལ་ཕོངས་ལས་རྣམ་པར་རྒྱལ་ཐུབ་ལ་དེ་བཀག་འགོག་བྱས་ནས་བསྐྱར་ལོག་མི་ཐེབས་པའང་བྱེད་ཐུབ་པ་ར་སྤྲོད་གང་ལེགས་ཐུབ་ཡོད།

    “གནད་སྨིན་དབུལ་སྐྱོར”གྱི་འདུ་ཤེས་གོ་ལ་ཧྲིལ་པོར་ཁྱབ་པ།

    ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་འདུ་ཤེས་དང་ལག་ལེན་ཁྲོད་གནད་སྨིན་དབུལ་སྐྱོར་ནི་གོ་ལ་ཧྲིལ་པོའི་ཁས་ལེན་རྒྱ་ཁྱབ་ཐོབ་པའི་ཉམས་མྱོང་ནུས་ལྡན་ཞིག་ཏུ་གྱུར་ཡོད།

    མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས། གནད་སྨིན་དབུལ་སྐྱོར་གྱི་མཛད་ཇུས་ནི་དབུལ་ཕོངས་མི་འབོར་ལ་རོགས་རམ་བྱེད་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་ནང་གཏན་འཁེལ་བྱས་པའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་བྱེད་པའི་ཐབས་ལམ་འབའ་ཞིག་དེ་རེད། ཀྲུང་གོའི་ཉམས་མྱོང་ལས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་ལ་ཕན་ཡོད་ཀྱི་དཔྱད་གཞི་མཁོ་འདོན་བྱེད་ཐུབ་ཅེས་གསུངས་ཡོད། (

    ཕ་ཡུལ་ཧུའུ་ནན་ཧྭ་ཡོན་རྫོང་ཧྲི་པ་ཏུང་གྲོང་ཚོར་ལོག་པའི་གཞོན་ནུ་ཧྲི་ཁང་གིས་ལག་ཐོགས་ཁ་པར་ནས་བྱང་ཆུབ་པོས་དྲ་གྲོགས་ཚོར་གྲོང་ཚོའི་ཁྱད་ལྡན་ཐོན་རྫས་ངོ་སྤྲོད་བྱེད་ཅིང་། ཐད་གཏོང་ཚོད་ལྟ་བྱེད་པ་ནས་དྲ་ཐོག་ཚོང་དོན་ལས་དོན་ཁང་བཙུགས་པའི་བར་ཧྲི་ཁང་གིས་ཐད་གཏོང་བརྒྱུད་གྲོང་ཚོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ལ“དྲ་ཚོང་གི་མྱུར་འཁོར”ལས་ཕན་བཏགས་པས། ཕན་འབྲས་ཀྱང་ཇེ་ལེགས་སུ་ཕྱིན་ཏེ་རིམ་རྩིས་བརྒྱབ་ན་ཡུལ་མིར་སྒོར་ཁྲི་600ལྷག་ཙམ་རི་བའི་ཞིང་ཞོར་ཐོན་རྫས་འཚོང་རོགས་བྱས་ཡོད། “ཐད་གཏོང་ལྟ་མཁན་མང་དུ་ཕྱིན་པས་གྲོང་ཚོའི་གཞོན་ནུ་སྔར་ལས་མང་བ་ང་ཚོ་དང་མཉམ་ལས་བྱེད་ཀྱི་ཡོད”

    འཛམ་གླིང་གི“ཡུལ་སྐོར་གྲོང་ཚོ་ཡག་ཤོས”སུ་བདམས་ནས་རྒྱལ་སྤྱིའི་དབུལ་པོ་ཉུང་གཏོང་གི་སྤེལ་རེས་རྟེན་གཞི་བཏོད་པ་མ་ཟད། ཉེ་འཁོར་གྲོང་ཚོ་དང་མཉམ་དུ་འཆར་འགོད་ཇུས་འགོད་བྱེད་པ་དང་ཐོན་ལས་མཉམ་དུ་དར་རྒྱས་གཏོང་བ་སོགས་ལ་གཞོལ་བའི་ཧྲི་པ་ཏུང་གྲོང་ཚོས་ཡུལ་བབ་ལ་བསྟུན་པ་དང་ཁྱད་ཆོས་ལ་གཞི་ཚུགས་རྒྱུ་མཐའ་འཁྱོངས་ཀྱིས་གྲོང་གསེབ་ཀྱི་ཡུལ་སྐོར་དང་། རི་ཁའི་ཆུ་མིག་གི་ཆུ། མེའོ་རིགས་ཀྱི་འཚེམ་དྲུབ་སོགས་ཀྱི་ཐོན་ལས་འཕེལ་རྒྱས་ཧུར་ཐག་བཏང་བས་ཧྲི་པ་ཏུང་གྲོང་ཚོའི་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་2013ལོའི་སྒོར་1668ནས་2025ལོའི་སྒོར་30755བར་འཕར་ཡོད་པ་རེད།

    ཧྲི་པ་ཏུང་གྲོང་ཚོར་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་དུས་རབས་གསར་པའི“གནད་སྨིན་དབུལ་སྐྱོར”གྱི་འདུ་ཤེས་གསར་གཏོད་ཀྱང་དེ་ནས་གོ་ལ་ཧྲིལ་པོར་ཁྱབ་ཡོད།

    “ཀྲུང་གོས་ལག་ལེན་བསྟར་བའི་གནད་སྨིན་དབུལ་སྐྱོར་གྱི་འཐབ་ཇུས་དེ་ཡུལ་བབ་དང་བསྟུན་པ་དང་མིར་བསྟུན་པ་ཞིག་ཡིན་པས་མི་འབོར་དབུལ་པོའི་འཚོ་བར་དངོས་དངོས་རྗེན་རྗེན་གྱི་འགྱུར་ལྡོག་བྱུང་བ་མ་ཟད། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་དབུལ་པོའི་གནད་དོན་ཐག་གཅོད་བྱེད་པར་རྩ་ཆེའི་ཉམས་མྱོང་མཁོ་འདོན་ཡང་བྱས་ཡོད”ཅེས་ཐན་ཙན་ནི་ཡའི་ཏ་ལེ་སི་ས་ལཱ་མུའུ་སློབ་ཆེན་ཀྲུང་གོ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཧན་ཕུའུ་ལའེ·མོ་ཤི་ཡིས་བརྗོད།

    “གནད་སྨིན་དབུལ་སྐྱོར”གྱི་འདུ་ཤེས་ཕྱི་རྒྱལ་དུ་རྩ་བ་ཚུགས་ནས་ཕན་འབྲས་ཐོན་ཞིང་། དབུལ་པོ་ཉུང་གཏོང་ལས་དོན་ལ་ཆེད་མངགས་འགན་འཁུར་མཁན་སྲིད་གཞུང་གི་སྡེ་ཚན་དང་དེ་བཞིན་ཕན་བདེའི་ལྟ་ཞིབ་ཚད་ལེན་དང་དབུལ་པོ་ཉུང་གཏོང་ལྟེ་གནས་བཙུགས་ནས་མི་འབོར་དབུལ་པོའི་ལས་གཏོད་ཕྱུག་འགྱུར་གྱི་ནུས་པ་སྐྱེད་སྲིང་བྱས་པ་དང་། “དུད་ཚང་དབུལ་པོའི་རོགས་སྐྱོར་མིང་ཐོའི”ལམ་སྲོལ་ནང་འདྲེན་བྱས་ནས་དབུལ་སྐྱོར་ལས་བྱེད་པའི་གསོ་སྦྱོང་ཇུས་གཞི་བཟོས་པ་ལ་སོགས་ཨུ་ཟ་བྷེ་ཁི་སི་ཐན་གྱིས་ཀྲུང་གོའི་གནད་སྨིན་དབུལ་སྐྱོར་གྱི་བྱེད་ཐབས་ནུས་ལྡན་རབ་དང་རིམ་པ་དཔྱད་གཞིར་ཧུར་ཐག་འཛིན་ནས་དབུལ་པོ་ཉུང་གཏོང་ལས་དོན་ལག་བསྟར་ནུས་ལྡན་བྱ་རྒྱུར་སྐུལ་འདེད་བཏང་བ་རེད། ན་ནིང་གི་ལོ་མཇུག་བར་ཨུ་ཟ་བྷེ་ཁི་སི་ཐན་གྱི་དབུལ་པོའི་ཚད་གཞི་6%བར་ཆག་པ་དང་སྔོན་དཔག་བྱས་ན་2026ལོར་4.5%བར་ཆག་བཟོ་ཡོད་པ་རེད།

    ཐེ་ལན་ཁུང་ཅིང་ཧྥུའུ་ཡིས་ཀྲུང་གོའི་གནད་སྨིན་དབུལ་སྐྱོར་གྱི་ཉམས་མྱོང་སློབ་སྦྱོང་བྱས་པ་དང་འབྲེལ་ས་གནས་དེ་གའི་དོན་དངོས་དང་འཚམ་པའི“ཆ་སྒྲིག་དབུལ་སྐྱོར”གྱི་འཆར་གཞི་བཟོས་པས“གཞན་བརྟེན་རྣམ་པའི”དབུལ་སྐྱོར་ནས“རང་བརྟེན་རྣམ་པའི”དབུལ་སྐྱོར་བར་འགྱུར་ལྡོག་བྱུང་བ་དང་གནད་སྨིན་དབུལ་སྐྱོར་ལ་བརྟེན་ནས་གནད་སྨིན་དབུལ་སྒྲོལ་ཐུབ་ཡོད། ས་གནས་དེ་གའི་དཔོན་རིགས་ཀྱིས“ཀྲུང་གོས་འཛམ་གླིང་ལ་གནད་སྨིན་དབུལ་སྐྱོར་གྱི་གལ་ཆེའི་རང་བཞིན་དང་དབུལ་སྒྲོལ་ཐུབ་རེ་ཡོད་པ་ཤེས་སུ་བཅུག་པ་མ་ཟད། དབུལ་པོའི་གནད་དོན་ཐག་གཅོད་བྱེད་པའི་བློ་སྟོབས་དང་ཉམས་མྱོང་དེ་བས་མཁོ་འདོན་བྱས་ཡོད”ཅེས་བརྗོད་པ་རེད།

    མཛེས་སྡུག་ལྡན་པའི་ཕུགས་འདུན་མངོན་འགྱུར་ཡོང་བར་བྱེད་པ།

    རི་གྲོང་ཆུང་ཆུང་ཞིག་ནས་མ་འོངས་མདུན་ལམ་མཐོང་ཐུབ། ཀུའེ་ཀྲོའུ་ལི་ཕིང་རྫོང་ཀྲའོ་ཤིན་ཏུང་རིགས་ཀྱི་གྲོང་ཚོ་ནས་གནའ་བོའི་གླུ་དབྱངས་ཀྱི་བྲག་ཅ་འཁོར། རིག་གནས་དང་ཡུལ་སྐོར་གྱི་ཚ་རླབས་ཀྱིས་དེ་སྔའི་གྲོང་ཚོ་དབུལ་པོར་འགྱུར་ལྡོག་བྱུང་བ་དང་ན་ནིང་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར་15.05ཟིན་ཡོད། ཀྲའོ་ཤིང་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ལུའུ་ཝུའེ་མིན་གྱིས“ཡུལ་མི་ཚོའི་ལས་ཀའི་སེམས་ཤུགས་སྔར་བས་ཆེ་རུ་ཕྱིན་འདུག”ཅེས་སེམས་འགུལ་ཐེབས་བཞིན་དུ་བཤད།

    2026ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཚུགས་པའི་ལོ་ཞིག་རེད། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་དམིགས་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ནང“གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་གི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ཕྱི་ཕྱོགས་ཀྱི་རོགས་སྐྱོར་བྱེད་པའི་མ་ལག་འཛུགས་སྐྱོང་དང་འཁོར་འབྲེལ་ཧྲིལ་པོའི་དོ་དམ་ལ་ཤུགས་སྣོན་རྒྱག་པ། ཕྱི་ཕྱོགས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ”བཅས་བྱེད་དགོས་པ་བཏོན་ཡོད། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བར། ཀྲུང་གོས“སེམས་ནུས་གཅིག་སྒྲིལ་གྱིས་རང་ཉིད་ཀྱི་བྱ་བ་ཡག་པོ་སྒྲུབ་པ་དང་རང་ཉིད་ཀྱི་འཇོན་ཐང་དེ་བས་ཆེ་རུ་བཏང་སྟེ་འཛམ་གླིང་རྒྱལ་ཁབ་ཁག་ལ་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་ཀྱི་ཡོད” འཕེལ་རྒྱས་ལ་བརྟེན་ནས་རང་ཉིད་ལ་འགྱུར་ལྡོག་བཏང་བ་མ་ཟད། ད་དུང་རང་ཉིད་འཕེལ་རྒྱས་བཏང་ནས་འཛམ་གླིང་ལའང་འགྱུར་ལྡོག་གཏོང་གི་ཡོད།

    དབུལ་པོ་སེལ་བ་ནི་འཛམ་གླིང་རྒྱལ་ཁབ་ཁག་གི་ཐུན་མོང་གི་དམིགས་ཚད་ཡིན། ཀྲུང་གོས་བྱ་སྤྱོད་ལ་བརྟེན་ནས་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་གི་མཉམ་ལས་ལ་སྐུལ་འདེད་བཏང་བ་དེས་ཐུན་མོང་འཕེལ་རྒྱས་ཀྱི་དྲང་གཞག་འཛམ་གླིང་ཞིག་བསྐྲུན་ནས་དབུལ་པོའི་གནད་དོན་གཙང་སེལ་བྱས་ཏེ་མཛེས་སྡུག་ལྡན་པའི་ཕུགས་འདུན་མངོན་འགྱུར་ཡོང་བར་ཕན་ཐོགས་ཡོད།

    འབྱུང་འགྱུར་ལ་ཕྱོགས་སྐབས་ཀྲུང་གོས་མུ་མཐུད་གོ་ལ་ཧྲིལ་པོའི་དབུལ་པོ་ཉུང་གཏོང་བྱ་གཞག་ལ་ལེགས་སྐྱེས་འབུལ་མཁན་ཞིག་བྱས་ཏེ་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་དབུལ་པོ་ཉུང་གཏོང་གི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་བརྒྱུད་རིམ་ནང་ལག་གདང་སྦྲེལ་ནས་རྒྱལ་སྤྱིའི་དབུལ་པོ་ཉུང་གཏོང་གི་འཕེལ་རིམ་ལ་སྐུལ་འདེད་བཏང་སྟེ་དབུལ་པོ་ལས་བསྒྲལ་བ་དང་ཐུན་མོང་དར་རྒྱས་ཀྱི་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།