མཚོ་སྔོན་གྱིས་2026ལོའི་འབྲུབ་ཆུ་མ་རྒྱས་གོང་གི་བདེ་འཇགས་ཞིབ་བཤེར་ཆེན་པོ་ཕྱོགས་ཡོངས་ནས་བྱེད་འགོ་འཛུགས་རྒྱུ་ཡིན་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་5ཚེས་22ཉིན། མཚོ་སྔོན་ཞིང་ཆེན་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུའུ་གཞུང་ལས་ཁང་དང་། ཞིང་ཆེན་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གེགས་སེལ་ཨུ་ལྷན་གཞུང་ལས་ཁང་། ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་ལས་ཁང་བཅས་ཀྱིས་མཉམ་དུ་བརྡ་ཐོ་བཀྲམ་པའི་ནང་། ཚེས་22ཉིན་ནས་འབྲུབ་དུས་མ་ཡོལ་བར་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནང་2026ལོའི་འབྲུབ་ཆུ་མ་རྒྱས་གོང་གི་བདེ་འཇགས་ཞིབ་བཤེར་ཆེན་པོ་བྱ་རྒྱུ་ཡིན་པ་བསྟན་ཡོད།
ད་ཐེངས་ཀྱི་ཞིབ་བཤེར་ཆེན་པོས《མཚོ་སྔོན་ཞིང་ཆེན་གྱི་འབྲུབ་འགོག་ཉེན་གཡོལ་གྱི“ལྔ་རེ་ལྔའི”ལས་ཀའི་བྱེད་སྟངས》སྤྱིའི་དམ་འཛིན་བྱ་གཞིར་བྱས་ནས་འགན་འཁྲི་དང་། གྲལ་བཤེར། སྤོ་སྒྱུར། དོ་དམ་ཚོད་འཛིན། འགན་ལེན་བཅས་ལྷུ་ཚིགས་ལྔ་ལ་དམིགས་ཏེ་ས་གནས་ཁག་གི་འབྲུབ་འགོག་ལམ་ལུགས་དོན་འཁྱོལ་དང་། སྔོན་ཇུས་ལག་བསྟར། ནུས་པ་འཛུགས་སྐྱོང་སོགས་ཀྱི་གནས་ཚུལ་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱ་རྒྱུ་དང་། ས་གནས་ཁག་གིས་ཕྱོགས་ཡོངས་ནས་རང་བཤེར་དང་། ལས་རིགས་དང་ཆེད་ལས་ཀྱི་གྲལ་བཤེར། ཞིང་ཆེན་རིམ་པའི་ས་ཡུལ་དངོས་ཀྱི་ལྟ་སྐུལ་མཛུབ་ཁྲིད་བཅས“ཕྱོགས་གསུམ་གཞི་གཅིག”གི་བྱེད་སྟངས་སྤྱད་དེ“ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས”དང་རིམ་ལྔའི་འགན་གཙང་འགན་ལེན་གྱི་འགན་འཁྲིའི་མ་ལག་ནན་དུ་ཏན་ཏིག་བཏང་ནས་འབྲོག་ཁུལ་གྱི་རྩྭ་ར་དང་། སྐྱས་སྤོ་ཡུལ། ཐག་རིང་ལུང་ཁུག་གྲོང་ཚོའི་ཚོགས་ཆུང་སོགས་ཀྱི་མཐའ་སྣེར་ཁྱབ་རྒྱུར་སྐུལ་འདེད་བཏང་ནས་ཕྱོགས་ཡོངས་ལ་ཁྱབ་པ་དང་གཅིག་སྐྱང་མ་ལུས་པ་བྱ་རྒྱུ་ཡིན་པ་རེད།
ཞིང་ཆེན་རིམ་པས་ལྟ་སྐུལ་མཛུབ་ཁྲིད་ཞིབ་བཤེར་ཚོགས་ཆུང་8བཙུགས་ནས་གཙོ་གནད་ཁོངས་མིའི་ཚན་པའི་ཐིང་རིམ་པའི་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ“མི་བྱེད་པ་བཞི་དང་ཐད་ཀར་གཉིས”དང་མངོན་བཤེར་ལྐོག་ཞིབ་སོགས་ཀྱི་བྱེད་སྟངས་སྤྱད་དེ་འབྲུབ་ཆུ་རྒྱས་སྐབས་འཐབ་ས་དང་པོར་བསྐྱོད་ནས་རྫོང(གྲོང་ཁྱེར་དང་། ཆུས། སྲིད་འཛིན་ཨུ་ལྷན)ཚང་མར་ཁྱབ་པའི་ཐོག་ཞིང་འབྲོག་ཁུལ་དང་། ཉེན་ཁ་ཆེ་བའི་ས་ཁོངས། ཉམ་ཞན་ས་ཁུལ་བཅས་ལ་གཙོ་གནད་ཐོག་བསྐྱོད་རྒྱུ་མ་ཟད། ཞིང་ཆེན་འབྲུབ་འགོག་གཞུང་ལས་ཁང་གིས“ས་གནས་རེར་གསལ་ཐོ་རེའི”རྣམ་པའི་ཐོག་ནས་ས་གནས་ཁག་གི་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོས་གནས་ཀྱིས་གནས་ལ་གཏུག་པའི་གནད་དོན་གསལ་ཐོ་བཏོན་པའི་ཐོག་གདུབ་ཟུམ་དག་ཐེར་དང་། རྩིས་ཐོ་ཞིབ་བསྡུར་དང་ཨང་གྲངས་སུབ་པའི་ལམ་སྲོལ་བཙུགས་ཏེ། ཉེན་ཁ་དང་མངོན་མེད་རྐྱེན་ངན་ཆུང་ས་ནས་སེལ་བ་དང་མ་ཐོན་གོང་ནས་སྔོན་འགོག་མཐའ་གཅིག་ཏུ་ཐུབ་པ་བྱ་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།