དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • རིག་གནས་ཐོན་ལས་འགྲེམས་ཚོགས་གཉེར། རིག་གནས་གཞི་རྒྱུའི་བཀྲག་མདངས་མངོན།

  •     རྩོམ་པ་པོ།  ​བོད་ལྗོངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཧྲི་ཅིན་རུའུ།   |     སྤེལ་དུས།  2026-05-28

    ཟླ་5ཚེས་21ནས་ཚེས་25ཉིན་བར། ཀྲུང་གོའི(ཧྲེན་ཀྲེན)རྒྱལ་སྤྱིའི་རིག་གནས་ཐོན་ལས་འགྲེམས་ཚོགས་སྐབས་ཉེར་གཉིས་པ་ཧྲེན་ཀྲེན་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས་སུ་འཚོགས་ཤིང་། བོད་རང་སྐྱོང་ལྗོངས་ཀྱི་གཙོ་གནད་རིག་གནས་ཁེ་ལས་46གིས་གྲངས་འཛིན་གྲུབ་འབྲས་དང་ཁྱད་ལྡན་བསམ་བཀོད་སོགས་གྲུབ་འབྲས་མང་པོ་འཁྱེར་ཏེ་འགྲེམས་སྟོན་ནང་ཞུགས་ནས། འཛམ་གླིང་གིས་གསར་གཏོད་ཀྱི་གསོན་ཤུགས་དང་རིག་གནས་ཀྱི་གདེང་ཚོད་དེ་བས་ཆེ་བའི་བོད་ལྗོངས་མཐོང་ཐུབ་པར་བྱས་ཡོད།

    འདི་ནི་གནའ་བོའི་རིག་གནས་ལ་གསོན་ཤུགས་གསར་པ་འཕེལ་བར་བྱེད་པའི་སྟོན་མོ་གཟབ་རྒྱས་ཤིག་རེད།

    ཐང་ག་དང་། བོད་ཡིག་ཡིག་གཟུགས། གནའ་བོའི་ཤུལ་བཞག་སོགས་རིག་གནས་ཐོན་ཁུངས་ལ་བརྟེན་ནས། འོད་སྟོང་འཕྲོ་བའི་གངས་ལྗོངས་རིག་གནས་ཀྱི་ཆུ་རྒྱུན་ཞིག་བསྲིངས་ཡོད། སྣང་མེད་དུ་ལུས་པའི་རིག་གནས་ཐོན་ཁུངས་དག་ཇི་ལྟར་བྱས་ནས་གསོན་ཤུགས་རྒྱས་པ་དང་ཕྱིར་སྐྱོད་པའི་ཐད་གྲངས་འཛིན་ཅན་དང་ཚན་རྩལ་ཅན་གྱི་སྲུང་སྐྱོང་རྒྱུན་འཛིན་བྱ་རྒྱུ་ནི་མེད་དུ་མི་རུང་བ་ཞིག་རེད།

    ད་ཐེངས་ཀྱི་རིག་གནས་ཐོན་ལས་འགྲེམས་ཚོགས་ཐོག་ཕུད་འགྲེམས་བྱས་པའི་བསྟན་བཅོས《ཀྲུང་གོའི་ཐང་ག·བོད་ཀྱི་བམ་པོ》ནི་ཚན་རྩལ་གྱིས་རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་བྱེད་པར་མཐུན་རྐྱེན་སྦྱར་བའི་གྲུབ་འབྲས་གལ་ཆེན་ཞིག་རེད། “བསྟན་བཅོས་ནང་དྭངས་གསལ་རིག་དངོས་གྲངས་འཛིན་ཅན་གྱི་འཚོལ་བསྡུའི་ལག་རྩལ་མཉམ་འདྲེས་བྱས་ནས། བོད་ཀྱི་དུས་རབས་རིམ་བྱུང་གི་ཐང་ག་རྩེ་གྲ་གོ་རིམ་ལྡན་པའི་ངང་ལེགས་སྒྲིག་དང་དཔེ་སྐྲུན་བྱས་ཡོད། ད་ཐེངས་དཔེ་སྐྲུན་བྱས་པའི་བསྟན་བཅོས་དག་གི་རི་མོའི་སྤུས་ཚད་དང་པར་རིས་ཀྱི་སྤུས་ཚད་ཚང་མ་ལས་རིགས་ནང་གི་ཆུ་ཚད་མཐོ་ཤོས་སུ་སླེབས་ཡོད”ཅེས་ཀྲེ་ཅང་སློབ་ཆེན་སྒྱུ་རྩལ་དང་གནའ་རྫས་རྟོག་ཞིབ་སློབ་གླིང་གི་ཡུན་རིང་གདན་ཞུས་དགེ་རྒན་ཆེ་མོ་བ་གཞོན་པ་དང་བསྟན་བཅོས་དེའི་ལག་བསྟར་གཙོ་སྒྲིག་པ་ཝང་རུའེ་ལེ་ཡིས་ངོ་སྤྲོད་བྱས་པ་རེད།

    ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་ཀྱིས་རིག་གནས་གྲངས་འཛིན་ཅན་གྱི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་ནས། ཚན་རྩལ་དམ་འཛིན་བྱ་གཞིར་བྱས་ཏེ་རིག་དངོས་དང་། མངོན་མིན་རིག་གནས་ཤུལ་བཞག གནའ་གཞུང་། གནའ་བོའི་སྐྲུན་དངོས་གྲངས་འཛིན་ཅན་གྱི་ཡིག་ཚགས་བཟོ་བ། སྟབས་བསྟུན་བེད་སྤྱོད། དྲ་ཐོག་བརྒྱུད་སྤེལ་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་གངས་ལྗོངས་རིག་གནས་ཀྱི་སྲོག་རྩ་དེ་ས་ཁོངས་དང་དུས་ཚོད་ཀྱི་བཀག་རྒྱ་ལས་བསྒྲལ་ནས་དུས་རབས་གསར་པར་ཡུན་རིང་གསོན་ཤུགས་རྒྱས་པར་བྱས་ཡོད།

    ད་ཐེངས་ཀྱི་རིག་གནས་ཐོན་ལས་འགྲེམས་ཚོགས་ཐོག་འཕྲུལ་མིས་ཀྲུང་གོའི་སྒྲ་སྙན་ཞབས་བྲོ་ཐོག་མ《བཀྲ་ཤིས་ཞབས་བྲོའི》ལྟད་མོ་ཆེ་ཤོས་ཀྱི་དུམ་བུ་གནད་སྨིན་འདྲ་བཤུས་བྱས་ནས། བདེ་ལྕག་འཁྱུག་ལ་ཉམས་འགྱུར་གྱིས་ཕྱུག་པའི་སྟངས་སྟབས་ལ་བརྟེན་ནས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག“ལྷ་རྩེའི་སྟོད་གཞས”ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་ཡོད། སྲོལ་རྒྱུན་གྱི་མངོན་མིན་རིག་གནས་ཤུལ་བཞག་དང་མི་ཐབས་རིག་ནུས་ལས་རིགས་ལས་བརྒལ་ཏེ་སྦྲེལ་མཐུད་ནུས་ལྡན་དང་། གནའ་བོའི་དམངས་སྲོལ་དང་དེང་རབས་ཚན་རྩལ་ཕན་ཚུན་མཐུན་རྐྱེན་སྦྱར་ཡོད་པས། འགྲེམས་འཁྲབ་བྱས་མ་ཐག་སྐད་གྲགས་ཆོད་དེ་སྐབས་འདིའི་རིག་གནས་ཐོན་ལས་འགྲེམས་ཚོགས་ཀྱི་གླེང་གཞི་ཞིག་ཏུ་གྱུར་ཡོད།

    ལྟད་མོ་བ་ཚོས་ཕྱོགས་ཡོངས་ནས་བོད་ལྗོངས་ཤེས་རྟོགས་དང་གངས་ལྗོངས་ཀྱི་རིག་གནས་ཤེས་རྟོགས་ཐུབ་ཆེད། བོད་ཀྱི་འགྲེམས་ཁང་ནང་ད་དུང“གློག་བརྙན་བར་མཐོངས”ཀྱི་འགྲེམས་ཁུལ་བཙུགས་ནས། ཉིན་ལྟར་དུས་ཚོད་གཏན་འཁེལ་གྱིས《རྒྱང་རིང་གི་བུ་རོགས་གངས་རི》དང་། 《གངས་ལྗོངས་ཀྱི་དགྱེས་གླུ》 《ངས་གླུ་དབྱངས་མི་ལེན་ག་ལ་སྲིད། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་རོལ་དབྱངས་འདུ་ཚོགས》སོགས་བསྟན་གྱི་ཡོད།

    གཞན་ཡང་ད་དུང་བོད་ཡིག་ཡིག་གཟུགས་ཉམས་ལེན་ཁུལ་དང་། བསམ་བཀོད་འགྲེམས་ཚོང་དང་གཱ་ཐོ་འགོད་པའི་བྱེད་སྒོ་སྤེལ་ནས། ཡུལ་སྐོར་བས་བོད་ཀྱི་རིག་གནས་ཤེས་རྟོགས་ཟབ་ཏུ་བཏང་སྟེ་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་གསོན་ཉམས་དོད་པའི་ལག་ལེན་མིག་མཐོང་ལག་ཟིན་དང་ཚོར་ཐུབ་པ་བྱས་ཡོད།

    ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕྱི་ནང་མཉམ་འགུལ་དང་ཕྱོགས་གཉིས་སྒོ་དབྱེ་མཐའ་འཁྱོངས་བྱས་ཤིང་། ཕྱོགས་གཅིག་ནས་ཐང་ག་དང་། ཁ་གདན། མངོན་མིན་རིག་གནས་ཤུལ་བཞག་གི་གླུ་གར། ས་མཐོའི་བསམ་བཀོད་སོགས་ཁྱད་ལྡན་རིག་གནས་ཐོན་རྫས་དང་རིག་གནས་IPས་མཐོ་ནས་འཛམ་གླིང་ཕྱོགས་སུ་སྐྱོད་པར་རྒྱུན་མཐུད་སྐུལ་འདེད་བཏང་བ་དང་། ཕྱོགས་གཞན་ཞིག་ནས་པེ་ཅིང་དང་། ཧྲང་ཧའེ། ཧྲེན་ཀྲེན་སོགས་གྲོང་ཁྱེར་དུ་རིག་གནས་ཡུལ་སྐོར་གྱི་ཚོང་འགུགས་འོས་སྦྱོར་དང་། རྣམ་གྲངས་སྦྲེལ་མཐུད། ཁེ་ལས་མཉམ་ལས་བཅས་རྒྱུན་མཐུད་བྱས་ཏེ། སྔོན་ཐོན་གསར་གཏོད་ཀྱི་འདུ་ཤེས་གནད་ལ་འཁེལ་པོས་ནང་འདྲེན་དང་། གཉེར་སྐྱོང་བྱེད་སྟངས་དང་ཤེས་ལྡན་པ་རྩེ་གྲ་འཐུས་སྒོ་ཚང་དུ་བཏང་སྟེ་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་འབྲས་རིམ་སྤོར་ཡོང་བར་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

    མངོན་མིན་རིག་གནས་ཤུལ་བཞག་གི་ཚན་རྩལ་འགྲེམས་འཁྲབ་ཀྱི་ཚ་རླབས་འཕྱུར་བ་ནས་ཐང་གའི་རིག་གནས་གོ་ལ་ཧྲིལ་པོར་ཁྱབ་པའི་བར་དང་། རིག་གནས་ཐོན་ཁུངས་གྲངས་འཛིན་ཅན་གྱི་སྲུང་སྐྱོང་ནས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བར། ད་ཐེངས་ཀྱི་ཧྲེན་ཀྲེན་རིག་གནས་ཐོན་ལས་འགྲེམས་ཚོགས་ཀྱིས་དུས་རབས་གསར་པའི་བོད་ཀྱི་རིག་གནས་ཀྱི་གཞུང་འཁྱོངས་གསར་འབྱེད་དང་། སྒོ་དབྱེ་བསྟུན་མཁས། རང་རྟོན་རང་དར་བཅས་ཀྱི་རྣམ་པ་གསར་པ་ཕྱོགས་གང་ས་ནས་མངོན་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་བོད་ཀྱི་འགྲེམས་ཞུགས་ཚོགས་པ་ནི་བོད་ཀྱི་འགྲེམས་ཚོགས་ལོ་རྒྱུས་ཐོག་གི་གཞི་ཁྱོན་ཆེ་ཤོས་དང་། བཀྲག་མདངས་འཚེར་ས་མང་ཤོས། ཞུགས་མཁན་མང་ཤོས་བཅས་ཀྱི་ཐེངས་ཤིག་རེད།

    འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས་བོད་ཀྱིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལས་དོན་མུ་མཐུད་གཏིང་ཟབ་སྤེལ་ནས། གངས་ལྗོངས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གཅིག་རྒྱུན་གཅིག་འཛིན་དང་འཛམ་གླིང་དུ་ཕྱོགས་པར་རྒྱུན་མཐུད་སྐུལ་འདེད་བཏང་སྟེ། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རོགས་བྱ་རྒྱུ་རེད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།