དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • འདུ་ཤེས་གཅིག་མཐུན་ཁྲོད་མཉམ་ལས་ཀྱི་ལམ་བུ་དེ་བས་ཡངས་པ་དང་དེ་བས་ཏན་ཏིག་ཡོང་བར་བྱེད་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-28


    ལེང་ཀྲི་ཧྭ།

    ཉེ་ཆར། སྨྱུག་འཛིན་པ《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པའི་དབྱིན་ཡིག་དཔར་མའི་ཀྲུང་གོ་དང་མ་ལེ་ཞི་ཡའི་ཀློག་པ་པོའི་ཚོགས་འདུར་ཞུགས་བསྐལ་བྱུང་། དཔེ་སྐྲུན་ལས་རིགས་དང་། ཇུས་འདོན་ཚོགས་པ། སྨྱན་སྦྱོར་སོགས་ཁྱབ་ཁོངས་ཀྱི་ཚོགས་ཞུགས་པ་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ། མཉམ་ལས་གཉིས་ཁེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་སོགས་ཀྱི་བརྗོད་གཞིར་དམིགས་ནས་སྤེལ་རེས་བྱས་པས་ཚོགས་རའི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད། དུས་ཡུན་རིང་པོའི་ནང་མ་ཀྲུང་འབྲེལ་བ་དང་དེ་བཞིན་ས་ཁོངས་མཉམ་ལས་ལ་དོ་ཁུར་བྱེད་པའི་ཞིབ་འཇུག་པ་ཞིག་ཡིན་པའི་ངོས་ནས་སྨྱུག་འཛིན་པར《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པའི་ནང་འདུས་པའི་སྒོ་དབྱེ་བསྟུན་མཁས་ཀྱི་འདུ་ཤེས་དེ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་དངོས་ཡོད་ཀྱི་སྒུལ་ཤུགས་སུ་འགྱུར་བཞིན་ཡོད་པ་མྱོང་ཚོར་ཟབ་མོ་བྱུང་།

    མ་ཀྲུང་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་རྨང་གཞི་བརྟན་པ་དང་ལེགས་ཆ་གསབ་རེས་བྱས་ཏེ་ས་ཁོངས་མཉམ་ལས་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་ཡོད། ཀྲུང་གོ་འདི་ཉིད་ལོ་17བསྟུད་མར་མ་ལེ་ཞི་ཡའི་ཚོང་དོན་རོགས་ཟླ་ཆེ་ཤོས་སུ་གྱུར་པ་དང་རྒྱལ་ཁབ་གཉིས་པོའི་མཉམ་ལས་དེ་ས་ཁོངས་ཀྱི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་དྲ་རྒྱར་མཉམ་འདྲེས་གཏིང་ཟབ་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་མ་འཇོག་བྱས་པ་དེས་མ་ལེ་ཞི་ཡར་མ་དངུལ་མཁོ་འདོན་ཐུབ་པ་མ་ཟད། ས་གནས་དེ་གའི་ཐོན་ལས་རིམ་སྤོར་དང་། ལག་རྩལ་གཞན་སྒྱུར། ལས་ཞུགས་རྒྱ་སྐྱེད་བཅས་ལ་དེ་བས་རོགས་རམ་ཐུབ་སྟེ། མ་ལེ་ཞི་ཡའི་ཐོན་ལས་ནུས་པ་ཆེ་རུ་གཏོང་བ་དང་རིན་ཐང་འཁོར་འབྲེལ་གྱི་རིམ་མཐོར་སླེབས་པའི་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་ནས། གཉིས་ཁེ་གསབ་རེས་ཁྲོད་ཕྱོགས་གཉིས་པོ་མཐུན་སྦྱོར་འཕེལ་རྒྱས་དང་ཐུན་མོང་ཐོག་འཚར་ལོངས་བྱུང་ཡོད།

    ད་ལོ་ནི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་ཀྲུང་གོ་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་5འཁོར་བའི་ལོ་ཞིག་ཡིན་པ་དང་། ཕྱོགས་གཉིས་པོའི་མཉམ་ལས་འཕེལ་རྒྱས་ཀྱི་དུས་མཚམས་གསར་རྐྱང་ཞིག་ཏུ་སླེབས་ཡོད། དེ་གོང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོས་རང་མོས་ཚོང་དོན་ཁུལ་གྱི་པར་གཞི་3.0གྱི་རིམ་སྤོར་གྲོས་མཐུན་ཡི་གེར་མིང་རྟགས་བཀོད་པ་དེ་ཐོག་ནས་ཕྱོགས་ཁག་གིས་དཔལ་འབྱོར་གཞི་གཅིག་ཅན་ཟབ་ཏུ་གཏོང་རྒྱུའི་ཐུན་མོང་གི་ཁས་ལེན་གང་ལེགས་མཚོན་པ་དང་། ས་ཁོངས་མཉམ་ལས་དེ་གཞི་ཁྱོན་ཆེ་རུ་གཏོང་བ་ནས་སྤུས་ཚད་མཐོ་རུ་གཏོང་བའི་བར་སྒྱུར་བ་དང་གསར་གཏོད་འཕེལ་རྒྱས་དང་། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས། རིན་ཐང་གསར་གཏོད་བཅས་ལ་དེ་བས་སྣང་ཆེན་བྱེད་པ་མཚོན་ཡོད། འཕེལ་རྒྱས་ཀྱི་ཕྱོགས་སྒྱུར་དེ《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པའི་རྣམ་བཤད་གལ་ཆེན་དང་ཚད་མཐོའི་གཅིག་མཐུན་བྱུང་ཡོད་ལ། མ་ལེ་ཞི་ཡ་སོགས་ས་ཁུལ་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཆར་འགོད་དང་ཡང་གཅིག་མཐུན་བྱུང་ཡོད།

    འདུ་ཤེས་གཅིག་མཐུན་གྱིས་དངོས་སྒྲུབ་གསར་གཏོད་ལ་མཐུན་རྐྱེན་བསྐྲུན་ཏེ་ས་ཁོངས་མཉམ་ལས་ཀྱི་རྣམ་པ་ཕུན་སུམ་ཚོགས་སུ་གཏོང་བ་དང་སྤུས་འབྲས་རིམ་སྤོར་ལ་སྐུལ་འདེད་བཏང་ཡོད། 2025ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མ་ལེ་ཞི་ཡར་འཚམས་འདྲི་གནང་རིང་མ་ཀྲུང་ཕྱོགས་གཉིས་པོས་ལྗང་མདོག་དཔལ་འབྱོར་གྱི་ལས་རྣམ་གསར་པ་ཐུན་མོང་ཐོག་གཏོད་པ་དང་དཔལ་འབྱོར་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བའི་ཐད་ཐུན་མོང་གི་ངོས་འཛིན་བྱུང་བ་དེ་ནི་ཐོན་ལས་མཉམ་ལས་རྒྱ་སྐྱེད་བཏང་བ་ཞིག་ཡིན་ལ་འཕེལ་རྒྱས་ཀྱི་འདུ་ཤེས་སྦྲེལ་མཐུད་བྱས་པ་ཞིག་དེ་བས་ཀྱང་རེད། ལྗང་མདོག་ཕྱོགས་སྒྱུར་དེ་ལྟེ་བའི་འགྲན་རྩོད་ནུས་པར་རིམ་བཞིན་འགྱུར་བཞིན་ཡོད་པ་དང་མཚོ་ཐོག་དཔལ་འབྱོར་གྱིས་ས་ཁོངས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་བར་མཐོངས་གསར་པ་བཏོད་ཡོད། ཕྱོགས་ཁག་གིས་ཉི་ནུས་དང་། གློག་སྒུལ་རླངས་འཁོར། གློག་རྫས་བཟོ་སྐྲུན། རིག་ལྡན་གྲུ་ཁ། མཚོ་དོན་གྲངས་འཛིན་ཅན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ནས་དྭངས་གཙང་ནུས་ཆེ་དང་ཕན་ཚུན་སྦྲེལ་མཐུད་ཀྱི་ས་ཁོངས་འཕེལ་རྒྱས་ཀྱི་འཆར་གཞི་གསར་པ་བཀོད་ཡོད།

    རྙོག་འཛིང་ཆེ་བའི་འགྱུར་ལྡོག་འོག་འདུ་ཤེས་གཅིག་མཐུན་ནི་ས་ཁོངས་མཉམ་ལས་བརྟན་བགྲོད་རྒྱང་འཁྱོལ་ཡོང་བའི་འགག་རྩ་ཡིན། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་5འཁོར་བའི་འགོ་འཛུགས་ས་གསར་རྐྱང་ཐོག《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་ལྔ་པ་དེ་དགོངས་པ་གལ་ཆེན་གྱི་མཛུབ་ཁྲིད་དུ་བྱས་ནས་དངོས་སྒྲུབ་མཉམ་ལས་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་དང་འདུ་ཤེས་སྦྲེལ་མཐུད་ཟབ་ཏུ་གཏོང་རྒྱུ་ནི་ས་ཁུལ་དང་རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་འཕེལ་རྒྱས་དོན་གཉེར་དང་འབྱུང་འགྱུར་མཉམ་དུ་གཏོད་པའི་ལྡོག་མེད་ཀྱི་གདམ་ག་ཞིག་རེད། མཉམ་ལས་ཀྱི་ཐོག་མའི་བསམ་འདུན་བརྟན་སྲུང་དང་འདུ་ཤེས་གཅིག་མཐུན་ཡོང་བ་བྱས་ཚེ། ཕྱོགས་ཁག་གིས་གཉིས་ཁེ་གཉིས་ཕན་ཁྲོད་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་དབར་གྱི་མཉམ་ལས་ཀྱི་ལམ་བུ་དེ་བས་ཡངས་པ་དང་དེ་བས་ཏན་ཏིག་གཏོད་ཐུབ་ངེས་རེད།

    (རྩོམ་པ་པོ་ནི་མ་ལེ་ཞི་ཡའི་ཨེ་ཤེ་ཡ་ཤར་ལྷོའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཙུང་ཚའེ་ཡིན་པ)

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།