དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རོགས་སྐྱོབ་མི་སྣ་ཁྲོན་ཁ་དང་བར་ཐག་སྨི་2000ལྷག་ཙམ་གྱི་སར་འཛུལ་ནས་འབྲེལ་ཆད་མི་སྣ་གཉིས་འཚོལ་བ།

    ​ཁུག་གསང་གཅིག་ཀྱང་མི་ལུས་པ་དང་རེ་བ་ཕྲན་བུ་ཙམ་ཡང་མི་འདོར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ​འདི་ག་ཚགས་པར་གྱི་གསར་འགོད་པ། ལིའུ་ཤིན་ཡན་དང་། ཀྲེང་དབྱང་དབྱང་། ལིའུ་དབུན་ཤིན།   |     སྤེལ་དུས།  2026-05-28


    འདི་ནི་ཟླ་5ཚེས་24ཉིན་རོགས་སྐྱོབ་མི་སྣ“དཔྱང་འཁོར”ལ་བསྡད་ནས་གཏེར་ཁྲོན་ནང་འཛུལ་ཏེ་འཚོལ་སྐྱོབ་ལས་འགན་སྒྲུབ་བཞིན་པ།

    མིག་སྔར། ཧྲན་ཤིས་ཆིན་ཡོན་རྫོང་ཧྲན་ཤིས་ཐུང་ཀྲོའུ་ཚོགས་པ་ལིའུ་ཧྲེན་ཡུས་རྡོ་སོལ་གཏེར་ཁར་ཝ་སི་འབར་གས་ཀྱི་ལས་འཛོལ་ཐོན་ནས་མི་82རྐྱེན་ལམ་དུ་ཤོར་བ་དང་། ད་དུང་འབྲེལ་བ་ཆད་པའི་མི་2རོགས་སྐྱོབ་མི་སྣས་ནུས་ཤུགས་ཡོད་རྒུས་འཚོལ་བཞིན་ཡོད་པ་རེད།

    ཡང་སྙིང་འབྲེལ་ཆད་མི་སྣར་རོགས་སྐྱོབ་གང་འདྲ་བྱུང་ཡོད་མེད་དང་། རོགས་སྐྱོབ་ཐད་དཀའ་གནད་ཅི་ཞིག་འཕྲད་ཡོད་མེད་ཤེས་རྟོགས་ཐུབ་ཆེད། གསར་འགོད་པས་ས་གནས་ས་ཐོག་ཏུ་དངོས་སྡོད་བཅར་འདྲི་བྱས་པ་ཡིན།

    ས་ཡུལ་དངོས་སུ་སྔར་བཞིན་བྲེལ་འཚུབ་ཆེ་ཞིང་། ཟླ་5ཚེས་24ཉིན་གྱི་ཐོ་རེངས་ཆུ་ཚོད་དང་པོར། གློག་ཐག་འཁྲིད་པ་སོགས་ཀྱི་ལས་དོན་གཅིག་རྗེས་གཉིས་མཐུད་ངང་སྤེལ་བཞིན་ཡོད་པ་དང་། དེ་རྗེས་རོགས་སྐྱོབ་མི་སྣ་དང་རོགས་སྐྱོབ་ལ་གཞོགས་འདེགས་བྱེད་མཁན་གཏེར་འདོན་བཟོ་པ་རྒྱུན་ཆད་མེད་པར“དཔྱང་འཁོར”ལ་བསྡད་ནས་ཁྲོན་འོག་ཏུ་ཉེན་གྱར་མི་སྣ་འཚོལ་སྐྱོབ་བྱེད་པར་བསྐྱོད་པ་གསར་འགོད་པས་གཏེར་ཁྲོན་ཁ་ནས་མཐོང་བྱུང་།

    སྒྲིག་ཆས་གསར་པ་སྤྱད་དེ་རོགས་སྐྱོབ་བྱེད་འགོ་ཚུགས་ཤིང་། ཐོ་རེངས་ཆུ་ཚོད་3པར། ལུའུ་ཨན་རྫས་འགྱུར་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སིའི་གཏེར་རི་སྲོག་སྐྱོབ་རུ་ཆེན་གྱིས་སྤྱད་པའི་ཁྲབ་ཐག་ཅན་གྱི་རོགས་སྐྱོབ་མྱུལ་ཞིབ་འཕྲུལ་མི་དམར་པོ་ཞིག་གིས་ཁྲོན་པའི་ཁ་རུ་ལས་འགན་སྒྲུབ་འགོ་ཚུགས། ལུའུ་ཨན་རྫས་འགྱུར་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སིའི་གཏེར་རི་སྲོག་སྐྱོབ་རུ་ཆེན་གྱི་རུ་དཔོན་འབྲིང་བ་ཀྲང་ཁྲའོ་ཡིས། འཕྲུལ་མི་དེའི་རྒྱང་བཀོལ་ཐུབ་པའི་བར་ཐག་སྨི་800ཡིན་པ་དང་། འབར་གས་སྔོན་འགོག་གི་ནུས་པ་ལྡན་ལ། ཏུའུ་38ཟིན་པའི་གྱེན་ལ་འཛེག་ཐུབ་པས། ཁྲོན་འོག་གི་ཐལ་རྡུལ་དང་། དུ་ཞག དྲོད་ཚད་སོགས་ཁོར་ཡུག་གི་དཔྱད་གྲངས་དུས་ཐོག་ཏུ་འཚོལ་ཞིབ་དཔྱད་ལེན་བྱེད་ཐུབ་ཀྱི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    བརྟན་སྲུང་ནི་རོགས་སྐྱོབ་ཀྱི་རྒྱུན་རྣམ་ཡིན་ཞིང་། ཉིན་དགུང་ཆུ་ཚོད་12ཙམ་ལ། རོགས་སྐྱོབ་མི་སྣ་ཁག་གཅིག་ཁྲོན་པ་ནས་དོན་ཏེ་ཉེ་འགྲམ་དུ་ཤ་མོག་ཟ་འགོ་ཚུགས། མི་མང་པོ་ཞིག་ཁྲོན་པའི་ནང་འཛུལ་ཐེངས་གཉིས་པ་ཡིན་པས་ངལ་དུབ་ཀྱིས་ཁེངས་ཡོད། ཀྲང་ཁྲའོ་ཡིས། “རྔུལ་ཆུ་དང་འདམ་ཆུས་གཟུགས་པོ་རློན་ཀྱང་ཆགས་འདུག ཚང་མས་རེས་མོས་ངང་ངལ་གསོ་རྒྱག་པ་དང་ལས་ཀ་བྱས་ནས་ནུས་ཤུགས་ཡོད་རྒུ་བཏོན་པ་དང་། འཚོལ་སྐྱོབ་བྱེད་སྐབས་ཁུག་ཀྱོག་གཅིག་ཀྱང་མི་ལུས་པ་བྱེད་ཀྱི་ཡོད”ཅེས་བརྗོད།

    ཟ་མ་ཟ་བའི་དུས་སུ་གསར་འགོད་པས་གཏེར་ཁྲོན་འགྲམ་གྱི་བཀོད་གཏོང་ཁང་ནས་རྒྱལ་ཁབ་གཏེར་རི་འཕྲལ་སྡོམ་རོགས་སྐྱོབ་ཧྲན་ཤིས་ཧྭ་དབྱང་རུ་ཁག་གི་རུ་དཔོན་གཞོན་པ་དབྱང་དབྱང་མཐོང་བྱུང་། དབྱང་དབྱང་ཉིན་གཅིག་གི་གོང་གཏེར་ཁྲོན་ནང་ཐེངས་གཅིག་འཛུལ་ཟིན་པ་དང་། ཚེས་24ཉིན་ཁྲོན་ཁ་དང་བར་ཐག་སྨི་2000ཙམ་ཟིན་པའི་སར་སླེབས་ཡོད་པ་རེད།

    དབྱང་དབྱང་གནས་སའི་རུ་ཁག་གི་རུ་ཆུང་3གྱི་རུ་མི་གཏེར་ཁྲོམ་ནང་འཛུལ་ཞིང་། གསར་འགོད་པས“འབྲེལ་ཆད་མི་སྣ་གཉིས་གང་དུ་ཡོད་སྲིད་དམ”ཞེས་དྲིས་པར། ཁོང་གིས“ད་ལྟ་དོང་ལམ་རེ་རེ་བྱས་ནས་འཚོལ་གྱི་ཡོད། དོང་ལམ་ཚང་མར་སོང་ནས་འཚོལ་རྒྱུ་ཡིན་པ་མ་ཟད། རེ་བ་ཕྲན་བུ་ཙམ་ཡང་འདོར་གྱི་མེད”ཅེས་བརྗོད།

    རྨས་མ་སྐྱོབ་བཅོས་ཀྱི་གནས་ཚུལ་ལ་དམིགས་ནས་གསར་འགོད་པས་རྨས་མ་ཉར་བཅོས་བྱེད་མཁན་ཁྲང་ཀྲི་གྲོང་ཁྱེར་གྱི་ཀ་པ་རིམ་པ་གསུམ་པའི་སྨན་ཁང་ཁག་གཅིག་ལ་བཅར་འདྲི་བྱས་པ་ཡིན།

    ཁྲང་ཀྲི་གྲོང་ཁྱེར་གྱི་ཀ་པ་རིམ་པ་གསུམ་པའི་སྨན་ཁང་7ནང་རྨས་མ་124ཉར་བཅོས་བྱས་ཤིང་། ཚེས་24ཉིན་གྱི་ཕྱི་དྲོའི་ཆུ་ཚོད་5པར། རང་བརྟེན་དབུགས་འབྱིན་རྔུབ་ཚོད་ལྟ་བྱས་པ་བརྒྱུད་ཁྲང་ཀྲི་གྲོང་ཁྱེར་མི་དམངས་སྨན་ཁང་དོས་དྲག་ཚན་ཁག་གིས་ཉར་བཅོས་བྱས་པའི་ནད་གཞི་ལྕི་བའི་ནད་པ་1གི་གློ་ཡུའི་སྦུག་གུ་བདེ་བླག་ངང་བཏོན་པ་དང་། དེ་ཉིན་སྔ་དྲོར། ཁྲང་ཀྲི་གསོ་རིག་སློབ་གླིང་ཞོར་གཏོགས་ཞི་བདེ་སྨན་ཁང་གིས་ཉར་བཅོས་བྱས་པའི་ནད་གཞི་ལྕི་བའི་ནད་པ་1གི་གློ་ཡུའི་སྦུག་གུ་ཡང་བདེ་བླག་ངང་བཏོན་པ་རེད།

    “རྨས་མ་དྲག་སྐྱེད་ཡག་པོ་བྱུང་འདུག རྗེས་སུ་གཙོ་བོ་འཚོ་བཅུད་ཁ་གསབ་དང་རྐང་ལག་སོགས་ཐད་ཀྱི་སྐྱོབ་བཅོས་བྱེད་དགོས”ཞེས་ཧྲན་ཤིས་གསོ་རིག་ཚན་ཁག་སློབ་ཆེན་སྨན་ཁང་དང་པོའི་ནད་གཞི་ལྕི་བའི་གསོ་རིག་ཚན་ཁག་གི་ཀྲུའུ་རེན་སྨན་པ་གཞོན་པ་ཝང་ལེ་ཡིས་བརྗོད། ཧྲན་ཤིས་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་གཅིག་གྱུར་མངགས་གཏོང་འོག་ཁོང་དང་ལས་རོགས་ཚོས་སྔ་རྗེས་སུ་ལས་འཛོལ་ཐོན་ཡུལ་གྱི་ཁྲོན་ཁ་དང་། ཆིན་ཡོན་རྫོང་མི་དམངས་སྨན་ཁང་། ཁྲང་ཀྲི་གྲོང་ཁྱེར་གྱི་ཀ་པ་རིམ་པ་གསུམ་པའི་སྨན་ཁང་བཅས་སུ་རིམ་ཁག་སྨན་བཅོས་ཚོགས་པ་དང་མཉམ་དུ་ནད་པར་སྨན་བཅོས་སྲོག་སྐྱོབ་ལས་དོན་སྤེལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།