ཟླ་དང་པོ་ནས་བཞི་པའི་བར་གྱི་ཚོང་ཟོག་དང་ཞབས་ཞུ་སིལ་ཚོང་ཟླ་བསྒྲིལ་ནས་རྩིས་བརྒྱབ་པ་དེ་དུས་མཚུངས་ལས་3.2%འཕར་བ།
ཚེས་25ཉིན། ཚོང་དོན་པུའི་འཛད་སྤྱོད་སྐུལ་སྤེལ་སིའི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཟླ་དང་པོ་ནས་བཞི་པའི་བར་འཛད་སྤྱོད་ཆེར་སྤེལ་གྱི་ཆེད་དོན་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་པ་དང་ཆབས་ཅིག འཛད་ཟོག་རྙིང་པ་གསར་བརྗེས་དང་། བྱ་དགའི་འཛིན་ཤོག རྒྱལ་སྒྲོལ་ཁྲལ་སློག་སོགས་སྲིད་ཇུས་ཀྱི་ཕན་འབྲས་རྒྱུན་ཆད་མེད་པར་མངོན་གསལ་དོད་དུ་ཕྱིན་ཏེ། འཛད་སྤྱོད་ཁྲོམ་ར་བརྟན་པོའི་ངང་འཁོར་རྒྱུག་ཐུབ་པ་དང་གསར་ཞིང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་རྣམ་པ་མངོན་ཡོད། ཚོང་ཟོག་དང་ཞབས་ཞུའི་སིལ་ཚོང་ཟླ་སྒྲིལ་བཏང་ནས་རྩིས་བརྒྱབ་པ་དེ(གཤམ་མཚུངས)དུས་མཚུངས་ལས་3.2%འཕར་ཞིང་། དེའི་ནང་སྤྱི་ཚོགས་འཛད་ཟོག་སིལ་ཚོང་བསྡོམས་འབོར་1.9%འཕར་བ་དང་། རླངས་འཁོར་དང་རྡོ་སྣུམ་འཐེན་ན་3.7%འཕར་བ། ཞབས་ཞུའི་སིལ་ཚོང་གྲངས་འབོར་5.6%འཕར་ཡོད།
གཞི་རྩའི་འཚོ་བའི་རིགས་ཀྱི་ཚོང་ཟོག་བརྟན་པོའི་ངང་འཕར་བ་དང་ལྗང་མདོག་རིག་ནུས་ཐོན་རྫས་ཀྱི་དགོས་མཁོ་ཇེ་ཆེར་ཕྱིན་ཞིང་།
ཟླ་4པར་བཅད་གྲངས་ཡན་གྱི་རྩིས་གཞིའི་འབྲུ་རིགས་བཟའ་སྣུམ་དང་གྱོན་གོས་ལྷམ་ཞྭའི་སིལ་ཚོང་གྲངས་འབོར་4.1%དང་3.6%སོ་སོ་འཕར་ཡོད། འཛད་རྫས་རྙིང་པ་གསར་བརྗེས་ལས་ལྗང་མདོག་རིག་ནུས་ཐོན་རྫས་ཕྱིར་ཚོང་བྱེད་ཚད་ཅུང་མགྱོགས་པོ་འཕར་བར་སྐུལ་ཁྲིད་བྱུང་ཡོད། ཚོང་དོན་པུའི་ཚོང་དོན་གྲངས་གཞི་ཆེ་མོ་ནས་མངོན་པར། ཟླ་4པར་གཙོ་གནད་ལས་སྟེགས་ཀྱི་རིག་ནུས་མིག་ཤེལ་བྲིན་ཚོང་གྲངས་འབོར་ལྡབ་5.9འཕར་བ་དང་། ལག་ཐོགས་པར་ལེན་སྒྲིག་ཆས་བྲིན་ཚོང་གྲངས་འབོར་26.9%འཕར་བ། ནུས་ཕྱོད་རིམ་པ་དང་པོ་ཡིན་པའི་གོས་འཁྲུད་འཕྲུལ་ཆས་བྲིན་ཚོང་བསྡོམས་འབོར་10.4%འཕར་བ། ནུས་གསར་འགྲུལ་སྐྱེལ་རླངས་འཁོར་ཁྲོམ་རར་ཁྱབ་ཚད་61.4%ཟིན་ནས་60%ལས་ཐོག་མར་བརྒལ་ཡོད།
འཛད་སྤྱོད་ཀྱི་གྲུབ་ཚུལ་ལེགས་སྒྲིག་རིམ་སྤོར་བྱུང་ནས་ཞབས་ཞུའི་འཛད་སྤྱོད་ཀྱི་གཞི་ཁྱོན་བརྟན་པོའི་ངང་ཆེ་རུ་ཕྱིན་ཞིང་། ཟླ་དང་པོ་ནས་བཞི་པ་བར་ཞབས་ཞུའི་སིལ་ཚོང་གྲངས་འབོར་གྱི་འཕར་ཚད་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.5ཡིས་མཐོ་བ་ཡོད། དེའི་ནང་བཟའ་བཏུང་གི་ཡོང་འབབ་3.8%འཕར་བ་དང་ཡུལ་སྐོར་བློ་འདྲི་བོགས་གཏོང་ཞབས་ཞུ་དང་། འགྲིམ་འགྲུལ་ཕྱིར་སྐྱོད་ཞབས་ཞུ། རིག་གནས་ལུས་རྩལ་སྤྲོ་གསེང་ཞབས་ཞུ་བཅས་ཀྱི་སིལ་ཚོང་གྲངས་འབོར་ཚང་མ་གྲངས་གནས་གཉིས་འཕར་ཡོད།
གྲོང་གསེབ་ཀྱི་འཛད་སྤྱོད་འཕར་ཚད་གྲོང་ཁྱེར་དང་གྲོང་རྡལ་ལས་མགྱོགས་པ་དང་གཤམ་སྐྱོད་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་འཕེལ་ཞིང་། ཟླ་དང་པོ་ནས་བཞི་པ་བར་གྲོང་གསེབ་ཀྱི་འཛད་རྫས་སིལ་ཚོང་གྲངས་འབོར་2.8%འཕར་བ་དང་འཕར་ཚད་གྲོང་ཁྱེར་དང་གྲོང་རྡལ་ལས་བརྒྱ་ཆའི་གྲངས་1གིས་མཐོ་བ་ཡོད། དེའི་ནང་གྲོང་རྡལ་ཁུལ་དང་གྲོང་གསེབ་ས་ཁུལ་གྱི་རྫོང་དང་ཤང་གི་འཛད་སྤྱོད་དངོས་ཟོག་སིལ་ཚོང་གྲངས་འབོར་གྱིས་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་ཁྲོད་བཟུང་བའི་བསྡུར་ཚད་39.7%ཟིན་ཏེ་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.3གྱིས་མཐོ་བ་ཡོད།
འབྲེལ་ཡོད་གསར་འགྱུར།