ལྷ་གྲུ་ཨང་ཉེར་གསུམ་པའི་འཇིག་རྟེན་འཕུར་སྐྱོད་ཚོ་ཆུང་གིས“སུམ་རྩེན་ཕོ་བྲང”དུ་བདེ་བླག་ངང་བཅའ་སྡོད་བྱས་པ།
ཀྲུང་གོ་མི་བཞུགས་འཇིག་རྟེན་འཕུར་སྐྱོད་འདུ་འགོད་གཞུང་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ལྷ་གྲུ་ཨང་ཉེར་གསུམ་པའི་མི་བཞུགས་འཕུར་གྲུ་འཁོར་ལམ་དུ་སླེབས་རྗེས། པེ་ཅིང་གི་དུས་ཚོད་2026ལོའི་ཟླ་5ཚེས་25ཉིན་གྱི་ཆུ་ཚོད་2དང་སྐར་མ་45ལ། བར་སྣང་ས་ཚིགས་ཀྱི་ཐེན་ཧོ་ལྟེ་བའི་གྲུ་ཚང་གི་མཇུག་གི་མཐུད་ཁ་དང་འབྲེལ་མཐུད་བདེ་བླག་བྱུང་ནས་འབྲེལ་མཐུད་བརྒྱུད་རིམ་ཧྲིལ་པོར་ཆུ་ཚོད་3.5ཙམ་འགོར་ཡོད་པ་རེད།
མི་བཞུགས་འཕུར་གྲུ་དང་བར་སྣང་ས་ཚིགས་ཀྱི་སྡེབ་སྒྲིག་ཕུང་པོ་བདེ་བླག་ངང་འབྲེལ་མཐུད་བྱས་རྗེས། ལྷ་གྲུ་ཨང་ཉེར་གསུམ་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོ་ཆུང་འཕུར་གྲུའི་ཕྱིར་ལོག་གྲུ་ཚང་ནས་འཁོར་ལམ་གྲུ་ཚང་དུ་བདེ་བླག་ངང་འཛུལ་ཡོད། པེ་ཅིང་གི་དུས་ཚོད་2026ལོའི་ཟླ་5ཚེས་25ཉིན་གྱི་ཆུ་ཚོད་5དང་སྐར་མ་13ལ། འཁོར་ལམ་ཐོག་ལས་འགན་སྒྲུབ་བཞིན་པའི་ལྷ་གྲུ་ཨང་ཉེར་གཅིག་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོ་ཆུང་གིས“ཁྱིམ་གྱི་སྒོ”བདེ་བླག་ངང་ཕྱེ་སྟེ། ཐག་རིང་ནས་ཡོང་བའི་ལྷ་གྲུ་ཨང་ཉེར་གསུམ་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོ་ཆུང་ཀྲུང་གོའི་བར་སྣང་ས་ཚིགས་སུ་བཅའ་སྡོད་བྱེད་པར་བསུ་བ་ཞུས་པ་དེ་ནི་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་པའི་ལོ་རྒྱུས་ཐོག“བར་སྣང་དུ་མཉམ་འཛོམས”བྱེད་ཐེངས་བརྒྱད་པ་ཡིན་ལ། ཤང་ཀང་ནས་ཡོང་བའི་འཇིག་རྟེན་འཕུར་སྐྱོད་པ“སུམ་རྩེན་ཕོ་བྲང”དུ་བཅའ་སྡོད་བྱེད་ཐེངས་དང་པོ་དེ་ཡང་ཡིན། དེ་རྗེས། འཇིག་རྟེན་འཕུར་སྐྱོད་པའི་ཚོ་ཆུང་གཉིས་པོས་མཉམ་འཛོམས་འདྲ་པར་བརྒྱབ་ནས་ཁོང་ཚོར་སེམས་ཁུར་བྱེད་མཁན་རྒྱལ་ཡོངས་མི་དམངས་ལ་མཉམ་དུ་ཁམས་བདེའི་འཚམས་འདྲི་ཞུས་པ་རེད།
འབྲེལ་ཡོད་གསར་འགྱུར།