ཀན་སུའུ་ཡིས་ཁྱད་ལྡན་ལེགས་ཆའི་ཐོན་ལས་རྒྱ་སྟོབས་ཆེ་རུ་བཏང་བ།
2024ལོའི་ཟླ་9པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་རུ་རྟོག་ཞིབ་གནང་སྐབས། “ཀན་སུའུ་ཡིས་བཟོ་ལས་ཅན་གསར་པར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་རིམ་སྤོར་བྱེད་མགྱོགས་སུ་གཏོང་བ། ཁྱད་ལྡན་ལེགས་ཆའི་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་ཧུར་ཐག་གཏོང་བ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས”ཞེས་ནན་བཤད་གནང་བ་རེད།
“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས། ཀན་སུའུ་ཡིས་རིག་ནུས་དང་། ལྗང་མདོག མཉམ་འདྲེས་བཅས་ཀྱི་ཕྱོགས་སུ་བསྒྱུར་རྒྱུ་གཞི་རྩར་བཟུང་ནས། ཀན་སུའུ་ཡི་ཁྱད་ལྡན་དང་ལེགས་ཆ་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་ནུས་ཤུགས་ཡོད་རྒུས་འཛུགས་པ་དང་། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་གི་ཡོད”ཅེས་ཀན་སུའུ་ཞིང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་བརྗོད།
ཀན་སུའུ་ཡིས་ཁྱབ་ཁོངས་གསར་པ་དང་འགྲན་ལམ་གསར་པར་ལམ་ལུགས་ནས་རྒྱབ་སྐྱོར་དང་ཐོན་ཁུངས་ཀྱི་གཏོང་ཆ་གཏོང་ཤུགས་ཆེ་རུ་གཏོང་བར་རྒྱུན་ཆད་མེད་པར་ཤུགས་བརྒྱབ་ནས། སྒུལ་ནུས་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་ཤུགས་ཆེན་བཏང་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ཀན་སུའུ་ཞིང་ཆེན་གྱི་གྲངས་འཛིན་དཔལ་འབྱོར་གྱི་གཞི་ཁྱོན་སྒོར་དུང་ཕྱུར་5200ལས་བརྒལ་བ་དང་། སྒྲིག་སྦྱོར་བྱས་པའི་ནུས་རྒྱུ་གསར་པའི་འཕྲུལ་འཁོར་ནས་བཏོན་པའི་གློག་ཤུགས་བསྡོམས་འབོར་ཆན་ཝ་ཁྲི་5600ལྷག་ཙམ་འཕར་བ། བཟོ་ལས་འཕར་ཐང་གི་ལོ་རེའི་ཆ་སྙོམས་འཕར་ཚད་6.2%ཟིན་ཡོད། ད་ལོའི་དུས་ཚིགས་དང་པོར་ཀན་སུའུ་ཡི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་ལག་རྩལ་མཐོ་བའི་ཐོན་ལས་ཀྱི་འཕར་ཐང་9.2%དང་16.6%སོ་སོར་འཕར་ཡོད་པ་རེད།
སྲོལ་རྒྱུན་ཐོན་ལས་ལེགས་གཏོང་རིམ་སྤོར་བྱས་པ།
བཟོ་ལས་ཀྱི་སྙིགས་རོ་གང་ཞིག་ལ་འགྱུར་ཐུབ་བམ་ཞེ་ན།
“དེ་ཚོའི་ནང་ནས་བཙོ་སྦྱང་བྱས་ཏེ་བླངས་པའི་རུའེ་རྒྱུ་ནི་རང་རྒྱལ་གྱིས་བཟོས་པའི་གནམ་གྲུ་ཆེ་གྲས་ཀྱི་རླུང་འཁོར་གྱི་སྒྲོ་གཤོག་བཟོ་བར་བེད་སྤྱོད་གཏོང་གི་ཡོད”ཅེས་པའེ་དབྱིན་ཚོགས་པའི་ནུབ་བྱང་གཏེར་འདོན་བཙོ་སྦྱང་ཞིབ་འཇུག་ཁང་ལྕགས་བཞུའི་རྒྱུ་ཆ་གསར་པའི་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་ལི་ཡན་ལུང་གིས་ངོ་སྤྲོད་བྱས། ཁོང་གིས་རང་བརྟེན་ཞིབ་སྤེལ་གྱི་ལག་རྩལ་ལ་བརྟེན་ནས། ཚོགས་པས་དཀོན་པའི་ལྕགས་རིགས་ལས་སྣོན་ཞིབ་ཚགས་དང་འཁོར་རྒྱུག་དཔལ་འབྱོར་ལེགས་སུ་བཏང་སྟེ། སྙིགས་རོ་བཙོ་སྦྱང་བྱེད་པའི་ཁྲོད་ནས་དཀོན་ལ་རྩ་ཆེ་བའི་ལྕགས་རིགས་ཚུར་བླངས་པ་དང་འབྲེལ། ལྕགས་རིགས་སྣ་མང་མཉམ་འབྲེལ་ཐོག་ཐོན་སྐྱེད་བྱེད་པ་དང་། དེའི་ནང་དཀོན་པའི་ལྕགས་རིགས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ལྡབ་10ལྷག་ཙམ་མཐོ་རུ་ཕྱིན་ཡོད་ཅེས་བརྗོད།
ལན་ཧྲི་ཚོགས་པའི་སྒྲིག་ཆས་ལྗིད་རིགས་ཀུང་སིའི་ཚལ་རྒྱག་གྲངས་འཛིན་ཅན་གྱི་འཁོར་ཁང་དུ་སྐྱོད་སྐབས། ཚ་ལ་རྒྱག་མཁན་འཕྲུལ་མིས་ཚ་ལ་རྒྱག་ཆས་གནད་ལ་འཁེལ་པོས་བཟུང་ནས་བསྡད་ཡོད་ཅིང་། ལན་ཧྲི་ཚོགས་པའི་གྲངས་འཛིན་ཅན་གྱི་ཞིབ་སྤེལ་ཇུས་འགོད་ཡོ་བྱད་ཁྱབ་ཚད་95%ལྷག་ཙམ་ཟིན་པ་དང་གྲངས་འཛིན་གྱིས་འགག་རྩའི་ལས་རིམ་ཚོད་འཛིན་བྱེད་ཚད་80%ལྷག་ཙམ་ཟིན་ཡོད། “སྒྲིག་ཆས་ཐོན་སྐྱེད་ཚོང་པ”ཞིག་ནས“གྲངས་རིག་གི་ཞབས་ཞུའི་ཚོང་པར”གྱུར་པའི་བར། ལན་ཧྲི་ཚོགས་པས་ཉེ་བའི་ལོ་ཤས་རིང་ཞིང་ཆེན་ཕྱི་ནང་གི་ཁེ་ལས་200ལྷག་ཙམ་གྱིས་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་རྣམ་གྲངས་དང་ལས་སྒོ་སྤྲིན་མཛོད་དུ་འཇུག་པར་རམ་འདེགས་བྱས་ཡོད་པ་རེད།
སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་རིམ་སྤོར་བྱེད་མགྱོགས་སུ་བཏང་ནས། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ཀན་སུའུ་ཡིས་རིམ་རྩིས་བརྒྱབ་ན་རྣམ་གྲངས་ཁག་1424སྒྱུར་བཀོད་བྱས་པ་དང་། བཟོ་ལས་ཀྱི་དྲ་སྦྲེལ་ལས་སྟེགས་30ལྷག་ཙམ་དང་། 5Gཡི་བཟོ་གྲྭ་45 རིག་ནུས་བཟོ་གྲྭ་122བཅས་བསྐྲུན་ཡོད།
གསར་དར་ཐོན་ལས་སྐྱེད་སྲིང་དང་རྒྱ་སྟོབས་ཆེ་རུ་བཏང་བ།
ཆིང་དབྱང་དུ་གཞི་གྲངས་ལྟེ་གནས་ཀྱི་ཚོ་འདུས་རིག་ནུས་རྩིས་ནུས་ཀྱི་གཞི་ཁྱོན་PFLOPSཁྲི་15(སྐར་ཆ་རེར་འཕྱོ་ཚེག་ལུགས་རྩིས་ཐེངས་དུང་ཕྱུར་ཁྲི་རྒྱག་པ)ལས་བརྒལ་ཡོད་པ་རེད། “གྲངས་འཛིན་ཀླད་ཆེན”འཁོར་སྐྱོད་ནུས་ལྡན་ཐུབ་པ་དང་སྦྲགས། གློག་སྤྱོད་དགོས་མཁོ་རྒྱུན་མཐུད་ཆེ་རུ་འགྲོ་བཞིན་ཡོད། ཐོན་ལས་རིམ་སྤོར་དང་སྐྱེ་ཁམས་སྲུང་སྐྱོང་མཉམ་དུ་འཕེལ་རྒྱས་གཏོང་བ་དང་ས་གནས་དེ་གའི་རླུང་འོད་ཐོན་ཁུངས་ལ་བརྟེན་ཏེ། ཆིང་དབྱང་གིས་ལྗང་མདོག་གློག་ཤུགས་ཐད་སྦྲེལ་འཚོལ་ཞིབ་ལ་སྐུལ་འདེད་གཏོང་བ་དང་ཁ་ཐོར་གྱི་ནུས་རྒྱུ་གཙང་མ་ཟླ་བསྒྲིལ་ནས་ཐད་ཀར་རྩིས་ནུས་གླིང་ཁུལ་དུ་མཁོ་འདོན་བྱེད་ཀྱི་ཡོད།
སྨན་བཅོས་ཐད་སྤྱོད་པའི་ལྕི་བའི་གྱེས་རྡུལ་མྱུར་ཆས་ནི་འཕྲོ་འགྱེད་སྨན་བཅོས་སྒྲིག་ཆས་གལ་ཆེན་གྱི་གྲས་ཤིག་ཡིན་ཞིང་། ཝུའུ་ཝུའེ་སྐྲན་ནད་སྨན་ཁང་གི་ལྕི་བའི་གྱེས་རྡུལ་ལྟེ་གནས་སུ་མྱུར་ཆས་ཀྱི་འགག་རྩའི་ལྷུ་ལག་ལ་མཁོ་བའི་རྒྱུ་གཙང་སྤུས་གཙང་གི་དབྱང་མེད་ཟངས་རྒྱུ་དེ་སྔོན་ཆད་དུས་ཡུན་རིང་པོ་ཞིག་རིང་ནང་འདྲེན་བྱེད་དགོས་ཀྱི་ཡོད།
ཅིན་པའེ་ལན་ཝུའུ་མདོག་ལྡན་ལྕགས་རིགས་ཀྱི་རྒྱལ་ཁབ་རིམ་པའི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཚོ་འདུས་ལ་གཞི་ཚུགས་པ་དང་ཅིན་ཁྲང་གི་འཐུས་སྒོ་ཚང་བའི་ཟངས་ཀྱི་མ་བཅོས་རྒྱུ་ཆ་མཁོ་སྤྲོད་ཀྱི་ལེགས་ཆར་བརྟེན་ཏེ། ཅིན་ཁྲོན་ཚོགས་པས་ལན་ཀྲོའུ་ཐའེ་ཅི་གྱེས་རྡུལ་ལག་རྩལ་ཚད་ཡོད་ཀུང་སི་དང་ལན་ཀྲོའུ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ་སློབ་ཆེན་དང་མཉམ་འབྲེལ་གྱིས་4N5ཡི་རྒྱུ་གཙང་ལྷད་མེད་ཀྱི་དབྱང་མེད་ཟངས་ལེབ་རྒྱུ་ཆ་ཞིབ་འཇུག་གསར་སྤེལ་བྱས་ཏེ། སྨན་བཅོས་ཐད་སྤྱོད་པའི་ལྕི་བའི་གྱེས་རྡུལ་འགྲོས་སྣོན་ཆས་ཐོན་ལས་ཅན་གྱི་འཕེལ་རྒྱས་ཀྱི་འགག་རྩའི་ཞན་ཆ་བསལ་བ་རེད།
མིག་སྔར་ཅིན་པའེ་ལན་ཝུའུ་མདོག་ལྡན་ལྕགས་རིགས་ཚོ་འདུས་སུ་རྒྱལ་ཁབ་རིམ་པའི་ལག་རྩལ་གསར་གཏོད་ལས་སྟེགས་34བསྐྲུན་ནས་ཁང་གཉིས་ཀྱི་ཡོན་ཧྲི་20ལྷག་ཙམ་ཞུགས་པའི་ཡིད་དབང་བཀུག་ཡོད།
འབྱུང་འགྱུར་ཐོན་ལས་སྔ་སྣུར་ནས་བཀོད་སྒྲིག་བྱས་པ།
མྱ་ངམ་ཐང་དང་ཐང་རྒོད་ཀྱི་བདེ་འཇགས་སྲུང་བཅད་ཐུན་མོང་མ་ཡིན་པ་ཞིག་ཡོད་པས་ཀན་སུའུ་ཡིས་ཡུལ་བབ་དང་བསྟུན་ནས་གསར་དར་འགྲན་ལམ་སྔོན་ཚུད་ནས་བཀོད་སྒྲིག་བྱས་ཡོད།
ཝུའུ་ཝུའེ་མིན་ཆིན་རྫོང་གི་ཀྲའོ་ཝ་2ཟིན་པའི་གཤེར་གཟུགས་འབར་རྫས་ཀྱི་ཐཱོ་ཅི་བཞུ་ཚྭའི་ཚོད་ལྟའི་ནུས་འདོན་སྒྲིག་ཆས་བརྟན་པོའི་ངང་འཁོར་སྐྱོད་ཐུབ་ནས་སྐམ་སའི་དབུས་ཁུལ་དུ་བདེ་འཇགས་ལྡན་ལ་ནུས་ཆེའི་ཉིང་རྡུལ་ནུས་པའི་མ་ལག་བསྐྲུན་ཐུབ་རེ་ཡོད་པ་རེད། ཅིའུ་ཆོན་ཅིན་ཐ་རྫོང་དུ་ཚོང་ལས་འཇིག་རྟེན་འཕུར་སྐྱོད་གསར་གཏོད་ཚོད་ལྟ་ཁུལ་གྱིས་ཚོང་ལས་ཀྱི་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་ལས་གནས་28འཆར་འགོད་བྱས་པ་དང་། ཅིའུ་ཆོན་འཇིག་རྟེན་འཕུར་སྐྱོད་ཐོན་ལས་གླིང་གིས“ཀྲུང་གོའི་ཅིའུ་ཆོན་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་ས་ཚིགས”ནུས་ཤུགས་ཡོད་རྒུས་བཏོད་ཡོད།
རྒྱལ་ཁབ་ཀྱི་ཉིང་རྡུལ་བཟོ་ལས་ཐོན་ལས་ཀྱི་དགེ་མཚན་ལ་བརྟེན་ནས་ཀན་སུའུ་ཡི་གནས་མཐུན་རྒྱུའི་ཐོན་ལས་བརྟན་པོའི་ངང་སྟོབས་ཆེར་ཕྱིན་ཡོད། ད་ལོའི་ཟླ་2པར་IP-SAFEརྣམ་གྲངས་ཀྱི་འགྲོས་སྣོན་ཆས་ཀྱི་སྒྲིག་ཆས་གཙོ་བོ་ལན་ཀྲོའུ་ཁུལ་གསར་དུ་སྒྲིག་སྦྱོར་བྱས་པ་ལས་རྒྱལ་སྤྱིའི་གློག་འགོག་མེད་པའི་ཐད་གཏོང་འགྲོས་སྣོན་ཆས་ལ་བརྟེན་པའི་ཨར་ཧྥ་སྨན་སྤྱོད་ཀྱི་མཐུན་རྒྱུ་ཐོག་མ་འབོར་ཆེན་ཐོན་སྐྱེད་བྱེད་པའི་དཔེ་སྟོན་སྒྲིག་ཆས་བཟོ་བར་གོམ་སྟབས་གལ་ཆེན་ཞིག་སྤོས་པ་མཚོན་གྱི་ཡོད། རྣམ་གྲངས་ཀྱི་རྒྱུན་ལས་ཅིང་ལི་གཞོན་པ་སུན་ལེང་ཐིང་གིས། “རྣམ་གྲངས་ཕྱོགས་ཡོངས་ནས་ལེགས་གྲུབ་ཟིན་རྗེས་ཁྱབ་ཐོར་རང་བཞིན་དང་གཤགས་བཅོས་རྗེས་ཀྱི་ཁྱབ་མཆེད་རང་བཞིན་གྱི་སྐྲན་ནད་སྨན་བཅོས་བྱེད་པར་ནུས་པ་ཐོན་རྒྱུ་རེད”ཅེས་ངོ་སྤྲོད་བྱས།
འབྱུང་འགྱུར་ཐོན་ལས་ལ་དམིགས་ནས་ཀན་སུའུ་ཡིས“ཚན་རྩལ་གྱི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་གྱིས་ཁྲིད་སྟོན་དང་རིམ་པ་མང་བའི་ལས་སྟེགས་ཀྱིས་མཐུན་སྦྱོར་བྱེད”པའི་གསར་གཏོད་ལས་སྟེགས་མ་ལག་བཏོད་དེ། ཤེས་ལྡན་པ་གསོ་སྐྱོང་དང་ཐོན་ལས་ཀྱི་དགོས་མཁོ་སྦྲེལ་མཐུད་ལེགས་སུ་བཏང་ནས་ཚད་རྡུལ་གྱི་ཚོར་ཆས་དང་དམིགས་བསལ་འཕྲུལ་མི་སོགས་འབྱུང་འགྱུར་ཐོན་ལས་ཀྱི་མདུན་གྲལ་ཁྱབ་ཁོངས་ཀྱི་འགག་རྩའི་ལག་རྩལ་འགག་སྒྲོལ་ཐད་ནུས་ཤུགས་འདོན་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།