དབུ་ཤོག>གསར་འགྱུར།
  • རང་ལྗོངས་ཀྱི་གནམ་གཤིས་སྡེ་ཚན་གྱིས་འབྲུབ་ཆུ་རྒྱས་དུས་ཀྱི་གནམ་གཤིས་ཞབས་ཞུ་ནུས་ཤུགས་ཡོད་རྒུས་གྲ་སྒྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-05-28

    མིག་སྔར་རང་ལྗོངས་ཕྱོགས་ཡོངས་ནས་འབྲུབ་ཆུ་རྒྱས་དུས(ཟླ་5ཚེས་1ཉིན་ནས་ཟླ་9ཚེས་30ཉིན་བར)སུ་སླེབས་ཡོད་པས། རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱིས“ལྟ་ཞིབ་ཚད་ལེན་ཞིབ་ཚགས་དང་། སྔོན་བརྡ་གནད་སྨིན། ཞབས་ཞུ་ཚགས་ཚུད”སོགས་ལ་དམིགས་ནས་སྔ་ཙམ་བཀོད་སྒྲིག་དང་ནུས་ཤུགས་ཡོད་རྒུས་གྲ་སྒྲིག་བྱས་ཏེ་འབྲུབ་ཆུ་རྒྱས་དུས་ཀྱི་གནམ་གཤིས་ཞབས་ཞུ་གནད་འཁེལ་ཡོང་བར་བྱས་པ་རེད། དེ་དང་ཆབས་ཅིག་རང་སྐྱོང་ལྗོངས་གནམ་གཤིས་ལྟེ་གནས་ཀྱི་ཆར་དུས་ལྟ་ཞིབ་ཚད་ལེན་གསར་ཤོས་ལ་གཞིགས་ན། ཟླ་5ཚེས་10ཉིན་རང་ལྗོངས་དངོས་སུ་ཆར་དུས་སུ་སླེབས་པ་དེ་ནམ་རྒྱུན(ཟླ་6ཚེས་7ཉིན)ལས་ཉིན་28ཀྱིས་སྔ་བ་དང་1981ལོ་ཚུན་གྱི་སྔ་ཤོས་ཡིན་པ་རེད།

    སྔོན་བརྡ་གཏོང་ཡུན་སྔར་ལས་མགྱོགས་སུ་ཕྱིན་ཞིང་། རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱིས་གཙོ་གནད་ས་ཁོངས་སུ“སྨི་བརྒྱའི་རིམ་པ་དང་སྐར་མ་རིམ་པའི”སྔོན་བརྡ་བཏང་བའི་རྨང་གཞིའི་ཐོག་ལྗོངས་ཡོངས་ཀྱི་སྤྱི་ལེ་3དང་གཙོ་གནད་ས་ཁོངས་ཀྱི་སྨི་500ཡི་དབྱེ་འབྱེད་བྱེད་ཚད་ཀྱི་གྲངས་ཐང་དཔེ་དབྱིབས་ལ་སྐུལ་འདེད་བཏང་ནས་ས་ཁུལ་ཁག་གཅིག་གི་གཏད་རྒྱུག་གནམ་གཤིས་སྔོན་བརྡའི་དུས་ཚོད་སྐར་མ་41བར་སྔ་སྣུར་དུ་བཏང་བ་རེད། དེ་དང་ཆབས་ཅིག“དང་ལེན”མཉམ་འགུལ་ལམ་སྲོལ་ལ་ཤུགས་སྣོན་བརྒྱབ་ནས་ལྟ་ཞིབ་ཚད་ལེན་གྲངས་ཐང་དེ་གནོད་འཚེ་འབྱུང་ཉེན་གྱི་གྲངས་ཚད་ལ་སླེབས་སྐབས་སྔོན་བརྡའི་ཆ་འཕྲིན་འཕྲལ་མར་འཕྲིན་ཐུང་དང་། འཕྲལ་སྡོམ་རླུང་འཕྲིན། སྨྱན་སྦྱོར་གསར་པ་སོགས་ཀྱི་ཐབས་ལམ་གནད་འཁེལ་བརྒྱུད་རིམ་ཁག་འབྲུབ་འགོག་འགན་འཁུར་བར་ཡོངས་བསྒྲགས་བྱས་ཏེ“གཏོང་ཐུབ་པ་དང་། འབྱོར་ཐུབ་པ། དང་ལེན་ཐུབ་པ། ཕན་འབྲས་ཐོན་པ”བཅས་ཡོང་བར་བྱས་ཡོད།

    ཞབས་ཞུ་ཚགས་ཚུད་ཡོང་བར་ཤུགས་སྣོན་བརྒྱབ་ཅིང་། ནས་ཐོན་ཁུལ་གཙོ་བོ་དང་ཡུལ་སྐོར་མཛེས་ལྗོངས་ཁུལ་སོགས་ལ་དམིགས་ནས་རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱིས་ཆེད་མངགས་ཞིང་ལས་དང་། ཨར་ལས། ཡུལ་སྐོར་བཅས་ཀྱི་གནམ་གཤིས་ཞབས་ཞུ་བསྒྲུབས་ཏེ་ཆུ་བེད་དང་། རང་བྱུང་ཐོན་ཁུངས། འགྲིམ་འགྲུལ་སོགས་སྡེ་ཚན་དང་མཉམ་འབྲེལ་ཐོག་ཆུ་ལོག་དང་། ས་གཤིས་གནོད་འཚེ། གཞུང་ལམ་ལ་འཁྱགས་པ་ཐེབས་པ་བཅས་ཀྱི་ཉེན་བརྡ་བཏང་ནས་ཞབས་ཞུ་དེ“གནམ་གཤིས་སྔོན་བརྡ”ནས“ཉེན་ཁ་ཆུང་གཏོང”བར་འགྱུར་ལྡོག་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད། འདི་ལོ་ཚུན་དུ་རིམ་རྩིས་བརྒྱབ་ན་ཐབས་ཇུས་ཞབས་ཞུའི་དཔྱད་ཡིག་དུས་ཐེངས་145གོང་ཞུ་དང་། “དང་ལེན”ཞབས་ཞུ་ཐེངས་177སྤེལ་བ། རིགས་ཁག་གི་གནམ་གཤིས་སྔོན་བརྡ་དུས་ཐེངས་240བཏང་བ་རེད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།