“བོད་ཀྱི་རྩ་ཆེའི་ལོ་རྒྱུས་བརྙན་པར་གྱི་སྤྱིན་ཤོག་གྲངས་འཛིན་ལ་སྒྱུར་བའི་མྱུར་སྐྱོབ་འདུ་འགོད”ཀྱི་གྲུབ་འབྲས་ཡོངས་བསྒྲཌ་ཚོགས་འདུ་འཚོགས་པ།
ཟླ་5ཚེས་25ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་། རང་སྐྱོང་ལྗོངས་གློག་བརྙན་ཅུས། ཀྲུང་གོ་གློག་བརྙན་དཔྱད་ཡིག་ཁང་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། རང་སྐྱོང་ལྗོངས་གློག་བརྙན་སྤྱི་པའི་ཞབས་ཞུ་ལྟེ་གནས་ཀྱིས་གཉེར་འགན་ཁུར་བའི“བོད་ཀྱི་རྩ་ཆེའི་ལོ་རྒྱུས་བརྙན་པར་གྱི་སྤྱིན་ཤོག་གྲངས་འཛིན་ལ་སྒྱུར་བའི་མྱུར་སྐྱོབ་འདུ་འགོད”ཀྱི་གྲུབ་འབྲས་ཡོངས་བསྒྲགས་ཚོགས་འདུ་ལྷ་སར་འཚོགས་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བའི་གཙོ་རྐང་ལ་དམ་པོར་དམིགས་པ་དང་། རྩ་ཆེའི་ལོ་རྒྱུས་ཀྱི་བརྙན་པར་དཔྱད་ཡིག་ལ་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོང་དང་། གྲངས་འཛིན་ཅན་དུ་སྒྱུར་བ། གསོན་ཉམས་དོད་པོས་བེད་སྤྱོད་བཅས་ལ་དམིགས་ཏེ། 2023ལོར་རང་སྐྱོང་ལྗོངས་གློག་བརྙན་སྤྱི་པའི་ཞབས་ཞུ་ལྟེ་གནས་དང་ཀྲུང་གོ་གློག་བརྙན་དཔྱད་ཡིག་ཁང་དབར་མཉམ་ལས་ལ་སྐུལ་འདེད་བཏང་ནས“བོད་ཀྱི་རྩ་ཆེའི་ལོ་རྒྱུས་བརྙན་པར་གྱི་སྤྱིན་ཤོག་གྲངས་འཛིན་ལ་སྒྱུར་བའི་མྱུར་སྐྱོབ་འདུ་འགོད”ལག་ལེན་བསྟར་འགོ་ཚུགས་པ་རེད། དུས་ཡུན་ལོ་གཉིས་རིང་ཀྲུང་གོ་གློག་བརྙན་དཔྱད་ཡིག་ཁང་གིས་ཉམས་གསོ་ཞིབ་ཚགས་བྱས་པ་བརྒྱུད། དུས་ཐེངས་དང་པོའི་རྩ་ཆེའི་ལོ་རྒྱུས་བརྙན་པར་གྱི་སྤྱིན་ཤོག་གྲངས་འཛིན་ལ་སྒྱུར་བའི་མྱུར་སྐྱོབ་ལས་དོན་བདེ་བླག་ངང་ལེགས་གྲུབ་བྱུང་སྟེ། བདེན་པ་བདེན་ཐུབ་དང་གསོན་ཉམས་དོད་པའི་བརྙན་པར་ཐོག་ནས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་75འཁོར་བར་ཕྱག་རྟགས་ཕུལ་བ་རེད། ཉམས་གསོ་ལེགས་གྲུབ་བྱུང་བའི་བརྙན་པར་ཡིག་ཚགས་ཀྱིས་བོད་ཀྱི་ཉེ་རབས་དང་དེང་རབས་ལོ་རྒྱུས་ཀྱི་བརྙན་པར་དཔྱད་གཞིའི་ཡིག་རིགས་ཀྱི་སྟོང་ཆ་མང་པོ་བསྐངས་པས། ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་ཀྱི་རིན་ཐང་དང་སྲུང་སྐྱོང་རིན་ཐང་ཧ་ཅང་ཆེན་པོ་ལྡན་ཞིང་། ཏང་གི་ལོ་རྒྱུས་དང་། བོད་རིག་པ། མི་རིགས་རིག་པ། དེ་བཞིན་གློག་བརྙན་ལོ་རྒྱུས་ཞིབ་འཇུག་བཅས་ལ་ཧ་ཅང་དཀོན་པོ་དང་། དབང་གྲགས་ལྡན་པ། རྣམ་པ་གསར་བ་བཅས་ཀྱི་དཔྱད་གཞི་རྩ་ཆེན་མཁོ་འདོན་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། སྔ་མའི་སྤྱིན་ཤོག་དེ་དག་ལོ་མང་པོ་འགོར་བས་ཧམ་སྤུ་བརྒྱབ་པ་དང་། རལ་བ། ཚོས་གཞི་ལོག་པ། འདྲེད་ཤུལ་སོགས་ཀྱི་གནས་ཚུལ་ཐོན་ནས་རྦད་དེ་རྩ་མེད་དུ་འགྲོ་ཉེན་ཆེན་པོ་ཡོད་པ་རེད། “ད་ཐེངས་ཀྱི་རྣམ་གྲངས་ནང་སྔ་མའི་སྤྱིན་ཤོག་158གྲངས་འཛིན་ལ་སྒྱུར་བ་དང་ཉམས་གསོའི་ལས་དོན་ལེགས་གྲུབ་བྱུང་ཡོད། ཉམས་གསོ་ཚོགས་པས་སྤྱིན་ཤོག་ལེགས་སྒྲིག་དང་། གཙང་མ་བཟོ་བ། གྲངས་འཛིན་གྱི་བཤར་འབེབས། བརྙན་པར་ཉམས་གསོ། སྐད་སྒྲ་ལེགས་སྒྲིག་སོགས་ཀྱི་ལྷུ་ཚིགས་ལ་དམིགས་ཏེ་གྲངས་འཛིན་ལག་རྩལ་དང་མི་ཐབས་ལ་བརྟེན་ནས་པར་རིས་ཀྱི་ཐོག་མའི་རྣམ་པ་དང་བརྙན་པར་གྱི་ཚོས་གཞི་སྤྱིའི་ཆ་ནས་སླར་གསོ་ཐུབ་ཡོད”ཅེས་ཀྲུང་གོ་གློག་བརྙན་དཔྱད་ཡིག་ཁང་གི་ཀོན་ཀྲང་གཞོན་པ་ལིན་སི་ཝུའེ་ཡིས་བཤད།
འབྲེལ་ཡོད་གསར་འགྱུར།