དབུ་ཤོག>གསར་འགྱུར།
  • ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་རྟ་རྡོ་གྲོང་ཚོས་མ་རྩ་སྒོར་དུང་ཕྱུར་ལས་བརྒལ་བའི་མཉམ་ལས་ཁང་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-05-28

    ངོམ་ཆུ་གཙང་པོ་མཚོ་སྔོན་ཞིང་ཆེན་ནས་རི་བོ་ཆེ་རྫོང་དུ་བཞུར་བ་དང་། རྫོང་གྲོང་དང་བར་ཐག་སྤྱི་ལེ་90ཡོད་པའི་ལྗིག་སྟོད་ཤང་དུ་ལུང་གཞུང་ཞིག་གྲུབ་ལ། མི་150ཡོད་པའི་རྟ་རྡོ་གྲོང་ཚོ་ནི་མི་རབས་ནས་མི་རབས་བར་གནས་འདིར་འཚོ་གནས་བྱེད་ཀྱི་ཡོད།

    ཐོན་ཁུངས་དེ་ཙམ་ཕུན་སུམ་ཚོགས་པོ་མེད་པའི་ས་ཆ་དེར་འཇམ་དབྱངས་ཚུལ་ཁྲིམས་གཙོར་བྱས་པའི་རྟ་རྡོ་གྲོང་ཚོའི་མང་ཚོགས་ཚོས་དུས་རབས་ཀྱི་གོམ་སྟབས་དང་བསྟུན་ནས་རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་པོ་སྤྱད་དེ་འབད་བརྩོན་ལྷོད་མེད་བྱས་པར་བརྟེན་ལོ་བཅུ་ལྷག་ཙམ་ནང་ཁྱོན་མ་དངུལ་སྒོར་དུང་ཕྱུར་ལས་བརྒལ་བའི་རྟ་རྡོ་གྲོང་ཚོའི་ཉི་འོད་མཉམ་ལས་ཁང་བཙུགས་པ་རེད།

    རི་བོ་ཆེ་བའི་སྣེ་འདྲེན་ཁེ་ལས།

    2012ལོའི་གོང་དུ་འཇམ་དབྱངས་ཚུལ་ཁྲིམས་ཀྱིས་ཟོག་འདྲེན་རླངས་འཁོར་ཞིག་ལ་བརྟེན་ནས་རི་བོ་ཆེའི་ཤང་དུ་རྒྱན་གོས་སྣ་ཚོགས་བཙོངས་པས་གྲོང་ཚོའི་ནང་སྔོན་ལ་ཕྱུག་པོ་ཆགས།

    བོད་ཀྱི་ཞིང་འབྲོག་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་མགྱོགས་མྱུར་མཐོ་རུ་ཕྱིན་པ་དང་། ལྷག་པར་དུ་ཞིང་འཕྲུལ་ཡོ་བྱད་ཁྱབ་གདལ་ཤུགས་ཆེན་ཕྱིན་པ་དང་བསྟུན་ནས། འཇམ་དབྱངས་ཚུལ་ཁྲིམས་ཀྱིས་རི་བོ་ཆེ་རྫོང་དང་ཐ་ན་ཆབ་མདོ་གྲོང་ཁྱེར་དུའང་ངོ་དྲག་པའི་ཞིང་འཕྲུལ་ཡོ་བྱད་ཉམས་གསོ་དང་ལྷུ་ལག་ཕྱིར་ཚོང་ཁང་ཞིག་མེད་པ་ཤེས་རྟོགས་བྱུང་ནས། ཁོང་གིས་སེམས་ཐག་ཆོད་པོས་གྲོང་ཚོ་གཅིག་པའི་མང་ཚོགས་5དང་མཉམ་དུ་མི་རེས་མ་དངུལ་སྒོར་ཁྲི་5རེ་བཏང་ནས་རྫོང་གྲོང་དུ་ཚོང་ཁང་ཞིག་བཙུགས་པ་དེ་ནི་རྟ་རྡོ་གྲོང་ཚོའི་ཉི་འོད་མཉམ་ལས་ཁང་གི་ཐོག་མའི་རྣམ་པ་རེད།

    “ངས་གྲོང་མི་ཚང་མ་མཉམ་དུ་ཕྱུག་པོའི་ལམ་དུ་བསྐྱོད་ན་བསམ་བྱུང་། དེ་བས་དུད་ཚང་རེ་རེ་བཞིན་ཁ་པར་བརྒྱབ་པ་ཡིན། འོན་ཀྱང་མང་ཚོགས་མང་ཆེ་བས་ཚོང་རྡིབ་པའི་སེམས་ཁྲལ་བྱེད་ཀྱི་འདུག སྐབས་དེར་མི་5ལས་ཞུགས་མཁན་མི་འདུག བསམ་ཡུལ་ལས་འདས་པ་ཞིག་ལ་ལོ་དེར་ཞིང་འཕྲུལ་ཉམས་གསོ་ཁང་ལ་ཁེ་སྤོགས་བྱུང་བ་དང་། རྒྱུན་གཏན་གྱི་གླ་ཆ་ཕུད་མ་རྐང་འཇོག་མཁན་ཚང་མར་ཁེ་སྤོགས་སྒོར་ཁྲི་2རེ་བགོས་པའི་གཏམ་བཟང་གྲོང་ཚོ་ཡོངས་ལ་ཁྱབ་འདུག་པས། གྲོང་མི་ཚང་མས་མ་རྐང་ནང་ཞུགས་རྒྱུའི་རེ་བ་འདོན་གྱི་འདུག”ཅེས་འཇམ་དབྱངས་ཚུལ་ཁྲིམས་གྱིས་བཤད། 2013ལོར་སྐབས་དེ་དུས་གྲོང་ཚོ་ཡོངས་ཀྱི་དུད་ཚང་28ཚུད་པའི་རྟ་རྡོ་གྲོང་ཚོའི་ཉི་འོད་མཉམ་ལས་ཁང་དངོས་སུ་བཙུགས་པ་དང་འཇམ་དབྱངས་ཚུལ་ཁྲིམས་གྱིས་ཏུང་ཧྲི་ཀྲང་གི་འགན་འཁུར།

    འཇམ་དབྱངས་ཚུལ་ཁྲིམས་གྱི་སྣེ་ཁྲིད་འོག་མཉམ་ལས་ཁང་གི་རྒྱུ་ནོར་བསྡོམས་འབོར་སྒོར་དུང་ཕྱུར་ལས་བརྒལ་ནས་ལོ་ལྟར་ཁེ་སྤོགས་སྒོར་ཁྲི་500ཡན་བརྟན་པོ་བྱུང་བ་དང་། ན་ནིང་གླ་ཆ་སྣ་ཚོགས་སྒོར་ཁྲི་2800སྤྲད་དེ་མང་ཚོགས་མི་ཐེངས་ཆིག་སྟོང་ལྷག་ཙམ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་ཏེ། མཉམ་ལས་ཁང་དེ་རི་བོ་ཆེའི་མིང་དོན་མཚུངས་པའི་སྣེ་འདྲེན་ཁེ་ལས་སུ་གྱུར་པ་རེད།

    འགྱུར་བ་མེད་པའི་ཐོག་མའི་བསམ་འདུན།

    མཉམ་ལས་ཁང་བཙུགས་པ་ནས་བཟུང་འཇམ་དབྱངས་ཚུལ་ཁྲིམས་དང་རྟ་རྡོ་གྲོང་ཚོའི་ཉི་འོད་མཉམ་ལས་ཁང་གི་ཐོག་མའི་བསམ་འདུན་ནི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱ་རྒྱུ་དེ་རེད། “གལ་ཏེ་རང་ཉིད་ཁོ་ན་བསམ་བསྡད་ན་སྐབས་དེ་དུས་ཁོང་ཚོ་མི་6ལ་ཡོང་འབབ་འདང་ངེས་བྱུང་ཡོད་པས། མི་དེ་འདྲ་མང་པོ་མཉམ་ལས་ཁང་གཉེར་བར་འཁྲིད་དགོས་དོན་མེད”ཅེས་གྲོང་མི་སྐལ་བཟང་ནོར་བུས་བཤད། ཁོང་གིས་མཉམ་ལས་ཁང་གི་སྔོ་ཚལ་འདེབས་འཛུགས་རྟེན་གཞིར་ལག་རྩལ་པ་བྱས་པར་ལོ་ལྟར་གླ་ཆ་སྒོར་ཁྲི་7ལྷག་ཙམ་ལེན་རྒྱུ་ཡོད་པ་མ་ཟད། ད་དུང་རྟེན་གཞིས་རང་ཁྱིམ་གྱི་ས་ཞིང་སྤྱད་པ་ལས་བྱུང་བའི་བོགས་དངུལ་དང་དེ་བཞིན་ལོ་མཇུག་གི་མ་རྐང་འཇོག་མཁན་གྱི་ཁེ་སྤོགས་ཡོད་པས་ལོའི་ཡོང་འབབ་སྒོར་ཁྲི་15ལྷག་ཙམ་ཟིན་གྱི་ཡོད།

    གཞན་ཡང་མཉམ་ལས་ཁང་གིས་རི་བོ་ཆེ་རྫོང་ཨུད་དང་རྫོང་སྲིད་གཞུང་གི་སྐུལ་ལྕག་འོག་ལྗིག་སྟོད་ཤང་གི་དབུལ་སྒྲོལ་མང་ཚོགས་200ལས་ཀར་བསྡུས་ཡོད།

    དཀར་ཆུའི་ཐོན་རྫས་ལས་སྣོན་བཟོ་གྲྭའི་ནང་བཀྲ་ཤིས་སྒྲོལ་དཀར་སོགས་སློབ་ཆེན་སློབ་མ་24ལས་ཞུགས་ཐུབ་ཡོད། “བཟོ་གྲྭས་ང་ཚོ་ལྷ་ས་དང་ཁྲུང་ཆིང་དུ་གསོ་སྦྱོང་བྱེད་པར་བཏང་ནས་ང་ཚོའི་ལས་སྒོའི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་སོང”ཞེས་བཀྲ་ཤིས་སྒྲོལ་དཀར་གྱིས་བཤད།

    ད་ཆའི་རྟ་རྡོ་གྲོང་ཚོའི་ཉི་འོད་མཉམ་ལས་ཁང་སྔ་ས་ནས་འཕེལ་རྒྱས་ཆེན་པོ་ཕྱིན་ཏེ་རི་བོ་ཆེ་དང་ཐ་ན་མཐའ་འཁོར་གྱི་རྫོང་ཁོངས་མང་ཚོགས་ཀྱི་འབབ་འཕར་ཕུགས་འདུན་མངོན་འགྱུར་བྱེད་སར་གྱུར་ཡོད།

    འབད་བརྩོན་ལྷོད་མེད་ཀྱི་གོམ་སྟབས།

    མཉམ་ལས་ཁང་བཙུགས་པ་ནས་བཟུང་འཇམ་དབྱངས་ཚུལ་ཁྲིམས་ཀྱིས་སེམས་ནུས་ཡོད་རྒུ་མཉམ་ལས་ཁང་གི་འཕེལ་རྒྱས་བྱ་གཞག་ལ་བཏང་ནས་ཉིན་ལྟར་མཉམ་ལས་ཁང་གི་ལས་ལ་གཞོལ།

    ཁོང་གི་ཕྲུ་གུ་བཞི་པོ་ལྷ་སར་སློབ་གྲྭ་འགྲིམ་བཞིན་ཡོད་པ་དང་ལོ་བརྒྱད་ཅུར་སླེབས་པའི་པཱ་ལགས་ཀྱང་ལྷ་སར་འཚོ་བ་སྐྱེལ་གྱི་ཡོད་པར་འཇམ་དབྱངས་ཚུལ་ཁྲིམས་གྱི་བཟའ་ཟླས་ལྟ་རྟོག་བྱེད་ཀྱི་ཡོད་པ་རེད། ལོ་མཇུག་ཏུ་མཉམ་ལས་ཁང་གིས་བསྡོམས་རྩིས་བརྒྱབ་རྗེས་ལྷ་སར་ཟླ་བ་གཅིག་ལྷག་ཙམ་མཉམ་དུ་འཛོམས་པ་ཕུད་ལོ་བཅུ་ལྷག་ཙམ་རིང་འཇམ་དབྱངས་ཚུལ་ཁྲིམས་གཅིག་པུས་རི་བོ་ཆེར་འཚོ་བ་བསྐྱལ་ནས་བསྡད་པ་རེད།

    མཉམ་ལས་ཁང་གི་ལས་རོགས་ཚོས་ད་ཆ་མཉམ་ལས་ཁང་ལ་གྲུབ་འབྲས་ཐོབ་ཡོད་མོད། འོན་ཀྱང་འཇམ་དབྱངས་ཚུལ་ཁྲིམས་སྔར་བཞིན་ཉིན་ལྟར་ཞོགས་པའི་ཆུ་ཚོད་བདུན་དང་ཕྱེད་ཀར་ལངས་ཏེ་ལས་ཀར་ཡོང་བ་དང་དགོང་མོའི་ཆུ་ཚོད་བརྒྱད་དང་ཕྱེད་ཀར་གཞི་ནས་ལས་ཀ་གྲོལ་གྱི་ཡོད་ཅེས་བཤད། ཁོང་གི་ལས་བཀུར་སྙིང་སྟོབས་ཀྱིས་ཉེ་འགྲམ་གྱི་མི་ཚང་མར་སེམས་འགུལ་ཆེན་པོ་ཐེབས་ཡོད།

    འཇམ་དབྱངས་ཚུལ་ཁྲིམས་ཀྱིས་ལོ་བཅུ་གྲངས་རིང་ཉིན་གཅིག་ལྟར་འབད་བརྩོན་བྱས་པས། རྟ་རྡོ་གྲོང་ཚོའི་ཉི་འོད་མཉམ་ལས་ཁང་གིས་སྔ་རྗེས་སུ་མ་དངུལ་མི་འདང་བ་དང་ཐོབ་ཐང་ཞིབ་མཆན་འགོད་པ་སོགས་ཀྱི་དཀའ་གནད་བསལ་ནས་འཕེལ་རྒྱས་མྱུར་ལ་བརྟན་པོ་བྱུང་ཡོད།

    2021ལོར་འཇམ་དབྱངས་ཚུལ་ཁྲིམས་ལ“རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྔོན་ཐོན་མི་སྒེར”གྱི་བྱ་དགའ་ཐོབ་པ་དང་། ཁོང་གིས་གཟི་བརྗིད་མཚན་སྙན་ཐོབ་པ་དེས་རང་ཉིད་ལ་མུ་མཐུད་ལས་ཀ་ཧུར་ཐག་བྱེད་དགོས་པ་ལས་ལྷོད་གཡེང་སྤུ་ཙམ་ཡང་བྱེད་མི་རུང་བའི་ལྕག་སྐུལ་བྱེད་ཀྱི་ཡོད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།