དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཐོག་མའི་བསམ་འདུན་སེམས་ལ་བརྟན་པོར་བཅངས། དྲོ་འཇམ་ཉི་འོད་འོག་ཏུ་ལེའུ་གསར་བརྩམས།

    ​—— བོད་ཀྱི“1·07”དིང་རིའི་ས་ཡོམ་གྱི་ཡོམ་འགོག་གེགས་སེལ་དང་སླར་གསོ་བསྐྱར་སྐྲུན་གྱི་གཟེངས་བསྟོད་ཚོགས་ཆེན་གྱི་དམིགས་བསལ་ཆེད་བྲིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-05-28

    ཉེ་ཆར། བོད་ཀྱི“1·07”དིང་རིའི་ས་ཡོམ་གྱི་ཡོམ་འགོག་གེགས་སེལ་དང་སླར་གསོ་བསྐྱར་སྐྲུན་གྱི་གཟེངས་བསྟོད་ཚོགས་ཆེན་བོད་ལྗོངས་མི་དམངས་ཚོགས་ཁང་གི་ཚོམས་ཆེན་ཆེ་མོར་འཚོཌ་ཤིང་། དཔའ་ངར་ཞུམ་མེད་ལ་གུས་བཀུར་དང་། འགན་འཁྲི་བློ་ལ་བརྟན་པོར་ངེས་པ། སེམས་ནུས་གཅིག་ཏུ་བསྒྲིལ་བ། གསར་འབྱེད་འབད་འབུངས་བཅས་ཀྱི་ཚོགས་ཆེན་དེས་ས་མཐོའི་ས་གཞི་ཆེ་མོར་སྟོབས་ཤུགས་ཆེན་པོ་ཞིག་སྦྱིན་ཡོད།

    དེ་ནི་གཟེངས་བསྟོད་ཚོགས་ཆེན་ཁོ་ན་མིན་པར། རིམ་པ་6.8ཀྱི་ས་ཡོམ་དྲག་པོའི་འཆི་གསོན་གྱི་ཚོད་བགམ་ཆེན་པོ་མི་བརྗེད་སེམས་ལ་བརྟན་པོར་ངེས་པ་དང་། ཞུམ་མེད་རོགས་སྐྱོབ་བྱེད་མཁན་དང་སེམས་ཤུགས་ཆེན་པོས་བསྐྱར་སྐྲུན་བྱེད་མཁན་ཡོད་དོ་ཅོག་ལ་གུས་བཀུར་ཆེན་པོ་ཞུས་པ་ཞིག་དེ་བས་ཀྱང་རེད།

    ཚོགས་རར་དམིགས་བསལ་གྱི་སྐུ་མགྲོན་ཞིག་ཡོད་ཅིང་། ཁོང་ནི་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་མཚོ་སྒོ་ཤང་སྐྱིད་ལྡིང་གྲོང་ཚོའི་ཉི་མ་དབང་མོ་རེད། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་འཐུས་མི་ཡིན་པའི་ཁོང་གིས་གེགས་བར་ཁྲོད་དུ་ཕན་ཚུན་ལྟ་སྐྱོང་དང་གནོད་འཚེ་ལས་རྣམ་པར་རྒྱལ་རྗེས་ཀྱི་དྲིན་གཟོའི་བསམ་པ་བརྗོད་ཡོད།

    2025ལོའི་ཟླ་1ཚེས་7ཉིན་གྱི་ཆུ་ཚོད་9དང་སྐར་མ་05ལ་གཞིས་རྩེའི་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ། “སྐབས་དེ་དུས་གནམ་ས་གས་ཤིང་། ཁྱིམ་གཞིས་ཁ་འཐོར་དགུ་འཐོར་དུ་སོང་བས་རྒན་རྒོན་རྣམས་དངངས་སྐྲག་འུ་ཐུག་གི་གནས་སུ་གྱར་བ་དང་བྱིས་པ་རྣམས་སྐྲག་ནས་ངུ་མཚམས་ཆད་ཀྱི་མི་འདུག”ཅེས་ཉི་མ་དབང་མོས་སྐབས་དེའི་གནས་ཚུལ་ཕྱིར་དྲན་བྱེད་སྐབས་ད་ལྟའང་དངངས་སྐྲག་སྐྱེ་ཡི་ཡོད་པ་རེད། སྐབས་དེ་དུས་སྐྱིད་ལྡིང་གྲོང་ཚོའི་ཁང་པ་བརྡིབས་པ་དང་ལམ་བུ་འགག་ཅིང་། འཕྲིན་གཏོང་ཆད་པས། གྲོང་ཚོ་ཡོངས་འཇིགས་དངངས་ཀྱི་གནས་སུ་གྱར།

    ཡུལ་མི་རྣམས་འཇིགས་དངངས་ཆེན་པོ་སྐྱེ་བ་དང་ཉི་མ་དབང་མོས་རྒན་རྒོན་དང་ཕྲུ་གུ་འཁྲིད་ནས་གང་དུ་བྲོས་དགོས་མིན་བསམ་བློ་གཏོང་བའི་སྐབས་སུ་ཁྱིམ་མཚེས་ཕུར་བུ་དོན་གྲུབ་ཀྱིས་དངངས་སྐྲག་ཆེན་པོས་ཁོང་གི་སར་ཡོང་སྟེ་ཁྱིམ་གྱི་རྒན་རྒོན་ཁང་པ་ཞིག་རོའི་ནང་དུ་ལུས་སོང་ཞེས་བཤད་པས། ཉི་མ་དབང་མོས་ཡོམ་འཕྲོར་མ་ལྟོས་པར་ལམ་སེང་ཁང་པ་ཞིག་རོའི་ཕྱོགས་སུ་རྒྱུག་སྟེ་ལག་པས་ས་རྡོ་ཤེད་ཀྱིས་བསྔོགས་པས་ལག་པ་གཉིས་པོར་ཆུ་ལྒང་ཤར་བ་དང་ལག་ངར་གཉིས་པོར་ཡང་ས་ཕག་ཐེབས་ནས་སྨུག་ཐིག་ཆགས་ཀྱང་སྔོག་མཚམས་གཏན་ནས་བཞག་མེད།

    “སྐབས་དེ་དུས་ས་རྡོ་གང་མགྱོགས་མགྱོགས་བསྔོགས་ཏེ་ཞིག་རོའི་ཁྲོད་དུ་ལུས་པའི་རྒན་རྒོན་སྐྱོབ་ཐུབ་ན་སྙམ་པ་ལས་གཞན་གང་ཡང་བསམ་རྒྱུ་མི་འདུག”ཅེས་ཉི་མ་དབང་མོས་མགྲིན་པ་བརྣངས་ཏེ་བརྗོད།

    སྟར་པ་གཉིས་པར་ཡོད་པའི་དིང་རི་རྫོང་གྲམ་མཚོ་ཤང་གི་ཤང་ཀྲང་གཞོན་པ་སྤེན་པ་ནོར་བུ་ནི་ཉི་མ་དབང་མོས་བརྗོད་པའི་གནས་ཚུལ་ལ་མྱོང་ཚོར་ཟབ་མོ་ཡོད་པས་རང་དབང་མེད་པར་མིག་ཆུ་ཤོར། “ས་ཡོམ་བརྒྱབ་མ་ཐག ངས་ཏང་ཡོན་5ཡི་སྣེ་ཁྲིད་དེ་རོགས་སྐྱོབ་གདོང་ལེན་རུ་ཁག་བཙུགས་པ་ཡིན། ཉི་མ་དབང་མོ་དང་འདྲ་བར། ངས་བྱ་སྤྱོད་གང་མགྱོགས་མགྱོགས་སྤེལ་ནས་མི་གང་མང་མང་སྐྱོབ་ཐུབ་ན་བསམས་བྱུང”ཞེས་སྤེན་པ་ནོར་བུས་དྲན་གསོ་བྱེད་ཀྱིན་བརྗོད།

    ས་གས་གནམ་རྡིབ་ཀྱི་ཉེན་ཁ་ཧ་ཅང་ཆེ་བའི་སྐབས་སུ་དྲོད་འཁོལ་ཉི་འོད་སྤྲིན་ནག་གི་གསེབ་ནས་ས་གཞི་ཆེ་མོར་འཕྲོས། ཡུལ་མི་རྣམས་རེ་བ་རྦད་དེ་ཟད་ནས་ཅི་བྱ་གཏོལ་བྲལ་གྱི་གནས་སུ་གྱར་བའི་མཚམས་སུ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐུགས་ཁུར་རི་ཀླུང་དུ་མ་བརྒལ་ནས་གེགས་ཁུལ་དུ་འཕྲལ་མ་ཉིད་དུ་འབྱོར། དུས་ཐུང་ཆུ་ཚོད་ཁ་ཤས་ནང་མེ་ཟོན་རོགས་སྐྱོབ་རུ་མི་དང་སྨན་དོན་མི་སྣ་ཕྱོགས་བཞི་མཚམས་བརྒྱད་ནས་གེགས་ཁུལ་དུ་ལམ་སེང་སླེབས་ཤིང་། གེགས་སེལ་གུར་མང་པོ་གང་མགྱོགས་བརྒྱབ་པ་དང་། དྲོད་སྲུང་གྱོན་གོས་དང་འབྲུ་རིགས་སོགས་ཀྱི་དངོས་ཟོག་ཁག་གཅིག་རྗེས་གཉིས་མཐུད་ངང་བཀོད་སྒྲིག་བྱ་ཡུལ་དུ་གནད་སྨིན་ངང་འབྱོར། དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་བཅུ་གྲངས་ཟིན་པའི་གྲང་ངར་ཆེ་བའི་མཚན་མོར། དུས་ཐོག་ཏུ་གནོད་འཚེ་ཕོག་ཁུལ་དུ་སླེབས་པའི་མི་དང་དངོས་ཟོག་དེ་དག་ནི་མདུན་སྐྱོད་ལམ་བུ་གསལ་བྱེད་ཀྱི་སྒྲོན་མེ་ཇི་བཞིན་གནོད་འཚེ་ཕོག་པའི་མང་ཚོགས་ལ་སླར་ཡང་འཚོ་བའི་སེམས་ཤུགས་སྦྱིན།

    ད་ཆའི་སྐྱིད་ལྡིང་གྲོང་ཚོར་ས་ཡོམ་གྱི་རྨ་ཁ་སྔ་ས་ནས་གསོས་ཏེ་ཕན་ཚུན་སྤེལ་ཟླར་གནས་པའི་སྡོད་ཁང་གསར་པས་ཁེངས་ཡོད། སྡོད་ཁང་དེ་དག་ལ་གྲོང་གསེབ་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཁྱད་ཆོས་སྔར་རྒྱུན་བཞིན་བཞག་ཡོད་ལ། དྲོད་ལེན་དང་། ཆུ་གློག གཙང་སྦྲ་དོད་པའི་གསང་སྤྱོད་སོགས་དེང་རབས་འཚོ་བའི་སྒྲིག་བཀོད་ཀྱང་ཆ་ཚང་གསར་དུ་བསྣན་ཡོད། གསར་དུ་སྐྲུན་པའི་སྡོད་ཁང་ནང་དྲོད་འཁོལ་གྱིས་ཕྱུག་ཅིང་ཐབ་ཚང་ལས་དུ་བ་སྔོ་ལྷོག་ལྷོག་ཏུ་འཕྱུར། གནོད་འཚེ་ཕོག་མཁན་གྱི་མང་ཚོགས་ཚང་མ་བདེ་འཇགས་དང་བློས་འཁེལ་གྱི་སྡོད་ཁང་གསར་པའི་ནང་སྤོས་ཏེ། དུས་བཀག་ལྟར“ལོ་དེར་གནོད་འཚེ་ཕོག་ཀྱང་། ལོ་དེར་བསྐྱར་སྐྲུན་ཐུབ་པ་དང་སྤོ་སྡོད་ཐུབ་པའི”དམིགས་ཚད་མངོན་འགྱུར་ཐུབ་ཡོད།

    “ང་ཚོར་བཀོད་སྒྲིག་དང་ལྟ་རྟོག་ཡག་ཤོས་གནང་སྟེ་སེམས་ཁྲལ་མེད་པར་བཟོས་བྱུང་། ཏང་ནི་ནམ་ཡང་ང་ཚོའི་སྲོག་ཤིང་ཡིན”ཞེས་ཉི་མ་དབང་མོས་དེ་ཙམ་བྱང་པོ་མེད་པའི་རྒྱ་སྐད་ནས་གྲོང་ཚོའི་ཡུལ་མི་ཡོངས་ཀྱི་སེམས་ནང་གི་སྐད་ཆ་བཤད་པ་དང་དེ་ལས་སྤོབས་སེམས་ཤིག་ངང་གིས་མངོན།

    སླར་ཡང་གསོན་ཤུགས་རྒྱས་པའི་དིང་རིའི་ས་གཞི་ཆེ་མོར། དྲིན་གཟོའི་མེ་ཏོག་ཡང་ཡང་བཞད་ཅིང་འབད་འབུངས་ཀྱི་ལམ་བུར་རེ་བའི་སྒྲོན་མེ་གསལ། ས་མཐོའི་བུ་ཕྲུག་གིས་ནམ་ཡང་ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་བརྩེ་བ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས། དྲིན་གཟོའི་སེམས་ཤུགས་ཆེན་པོ་དང་བཅས་ཏེ་དུས་རབས་གསར་པའི་ཉི་འོད་འོག་ས་མཐོའི་བདེ་སྐྱིད་ཀྱི་ལེའུ་གསར་པ་མུ་མཐུད་རྩོམ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།