དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དཔྱིད་དཔལ་རབ་ཏུ་བཞད་པའི་བསྟི་ཡག་མཛེས་སྡུག་ལྷག་པར་ལྡན།

    ​——རང་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་རིམ་སྤེལ་སྒྲིལ་གླེང་བཅོ་བརྒྱད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-05-28

    རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པས“མཐའ་མཚམས་སྟོབས་ཆེར་གཏོང་བའི”བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས། དམག་དཔུང་འདུས་སྡོད་དང་མི་དམངས་བདེ་འཁོད་མཉམ་དུ་ལག་བསྟར་དང་མཐའ་བརྟན་མཐའ་དར་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་ཀྱིས་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་ལག་ལེན་གཏིང་ཟབ་བསྟར་ཏེ། གངས་ལྗོངས་ཀྱི་མཐའ་མཚམས་སུ་མཐའ་མཚམས་མི་དམངས་ཕྱུག་འགྱུར་དང་། མཐའ་མཚམས་མཛེས་སྡུག མཐའ་མཚམས་བརྟན་ལྷིང་། མཐའ་སྲུང་སྲ་བརྟན་བཅས་ཀྱི་མི་སེམས་འགུལ་བའི་ལེའུ་གསར་པ་ཞིག་རྩོམ་བཞིན་ཡོད། བསྟི་ཡག་ནི་མི་སེམས་འགུལ་བའི་ལེའུ་གསར་དེའི་ཁྲོད་ཀྱི་གསོན་ཉམས་ལྡན་པའི་བསྡུས་རིས་ཤིག་རེད།

    མཐའ་བརྟན། མཐའ་སྲུང་ནང་ཞུགས་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ།

    ཞོགས་པའི་ཉི་གཞོན་ཤར་རིའི་རྩེ་མོར་མ་ཤར་གོང་། ལོ་59ལ་སླེབས་པའི་བསྟི་ཡག་ཤང་བསྟི་ཡག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་རིང་ནོར་བུ་ལས་ལ་བྲེལ་འགོ་ཚུགས། ཁོང་གིས་ལྟོ་ཕད་ནང་སྔོན་ལ་རྒྱང་ཤེལ་བླུགས་པ་དང་། དེ་རྗེས་རྩམ་ཁུག་དང་ཚགས་ཤ་སྐམ་པོ་བླུགས་རྗེས་ཇ་དམ་ནང་ཆུ་ཁོལ་བླུགས་ཏེ་གོམ་ཞེང་ཆེན་པོས་ཕྱིར་ཐོན།

    “དེ་རིང་སྐོར་སྲུང་བྱ་ཡུལ་དེ་ས་བབ་མཐོ་ལ་ལམ་ཐག་རིང་བས་ང་ཚོ་ཚང་མས་ལམ་བར་དུ་ལྟ་ཞིབ་ཞིབ་ཚགས་བྱེད་པ་དང་སྦྲགས། བདེ་འཇགས་ལའང་ཡིད་གཟབ་བྱེད་རོགས”ཞེས་ལྷག་པ་དོན་གྲུབ་སོགས་ན་གཞོན་སྐོར་གཡེང་རུ་མི་ལྔ་ལ་ཚེ་རིང་ནོར་བུས་མངགས་བྱ་ནན་པོ་བྱས།

    གསར་འགོད་པས་ཀྱང་ཚེ་རིང་ནོར་བུ་དང་མཉམ་དུ་མཐའ་མཚམས་སྐོར་གཡེང་རུ་ཁག་ནང་ཞུགས་ཤིང་། ལམ་བར་དུ་ཚེ་རིང་ནོར་བུས་ང་ཚོར་ཁོང་གི་མཐའ་སྲུང་གཏམ་རྒྱུད་བཤད་བྱུང་།

    ཚེ་རིང་ནོར་བུའི་ཕ་ཡུལ་ནི་ཆ་སྙོམས་ས་བབ་སྨི་3200ཟིན་པའི་བསྟི་ཡག་གྲོང་ཚོ་ཡིན་ཞིང་། རྩྭ་མདའ་རྫོང་གྲོང་དང་བར་ཐག་སྤྱི་ལེ་280ཙམ་ཆོད་ཡོད་ལ། མཐའ་མཚམས་ས་ཐིག་དང་དྲང་ཐིག་གི་བར་ཐག་ཐུང་ཤོས་སྤྱི་ལེ་3ལས་མེད།

    རི་བོ་ཆེན་པོས་བཀག་པ་དང་འགྲོ་ལམ་གཡང་གཟར་བས་སྔོན་ཆད་ཀྱི་བསྟི་ཡག་གྲོང་ཚོ་ཧ་ཅང་ལུང་ཁུག་དང་དབུལ་ཞིང་ཕོངས། བོད་ཞི་བས་བཅིངས་འགྲོལ་བཏང་རྗེས། མི་དམངས་བཅིངས་འགྲོལ་དམག་གིས་གྲོང་མིའི་ཐོན་སྐྱེད་འཕེལ་རྒྱས་གཏོང་རོགས་བྱས་པ་མ་ཟད། ས་རྒོད་གསར་སྦོལ་དང་འབྲུ་རིགས་བགོ་བཤའ་རྒྱག་པ་སོགས་བྱས་ཏེ་མང་ཚོགས་རང་གི་གཉེན་ཉེ་ལྟ་བུར་བརྩི་གི་ཡོད། ཆུང་དུས་པཱ་ལགས་ཀྱིས་རྟག་ཏུ་ཚེ་རིང་ནོར་བུར་གཏམ་རྒྱུད་དེ་དག་བཤད་པས། ལྷག་བསམ་རྣམ་དག་གིས་དམག་བཀུར་དང་ཚེ་གང་རྒྱལ་སྲུང་བྱེད་པའི་ཐོག་མའི་བསམ་འདུན་ཁོང་གི་སེམས་སུ་གཏིང་ཟབ་ཟུག་ཡོད།

    1984ལོར། ལོ་17ལ་སླེབས་པའི་ཚེ་རིང་ནོར་བུ་ཤང་དེའི་དམག་མིར་ཞུགས་མཁན་ཨང་དང་པོར་གྱུར་ནས་ཕ་ཡུལ་གྱི་སྲིབ་སྐྱིད་མཐའ་སྲུང་ལན་ཤོག་ཏུ་ལས་བགོས་བརྒྱབ། དམག་དཔུང་ནང་ཚེ་རིང་ནོར་བུས་དཀའ་སྤྱད་སྙིང་རུས་ཀྱིས་འཇོན་ཐང་ཆེ་རུ་ཧུར་ཐག་བཏང་ཞིང་། དགུན་དུས་སོ་ལྟ་བྱེད་སྐབས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་ཉི་ཤུ་ལྷག་ཙམ་ཟིན་གྱི་ཡོད་པས། གདོང་པ་འཁྱགས་ནས་དམར་པོར་གྱུར་ཡང་ཁོང་གིས་ཕྱིར་བཤོལ་གཏན་ནས་བྱེད་མྱོང་མེད། སྐོར་གཡེང་གི་ལམ་བར་དུ་ཁོང་གིས་རྟག་ཏུ་མདུན་སྣེ་ཁྲིད་ཀྱི་ཡོད་ལ། རི་མཐོ་ས་དང་འདྲེད་བརྡབ་ཤོར་སླ་སའི་ལམ་བུར་གོག་བགྲོད་རྒྱག་དགོས་ཀྱང་ཁོང་གིས་འཁང་ར་ཚིག་གཅིག་ཀྱང་བྱེད་མྱོང་མེད། ཁོང་གི་ལས་ཀའི་ལས་རྗེས་ཧ་ཅང་ལེགས་པས། 1988ལོར་ཁོང་ཤང་གི་ཏང་ནང་ཞུགས་མཁན་ཨང་དང་པོར་གྱུར།

    1999ལོར་ཚེ་རིང་ནོར་བུ་དམག་ཞབས་ཐིམ་ནས་ཕ་ཡུལ་དུ་ལོག་ཅིང་། སྐབས་དེར་ཁོང་ནི་རུ་ཤོག་རིམ་པའི་དམག་དཔོན་ཞིག་ཏུ་གྱུར་ཡོད་པས། ལས་སྒྱུར་གདམ་ག་བྱེད་སྐབས་ཁོང་གིས་དངོས་གཞིའི་ལས་ཀ་བློས་བཏང་སྟེ་ཕ་ཡུལ་དུ་ལོག་ནས་མུ་མཐུད་མཐའ་སྲུང་ལས་ལ་འབད། 2014ལོར་བསྟི་ཡག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིར་བདམས་པ་ནས་བཟུང་། ལོ་12ཀྱི་རིང་། ཁོང་གིས་ཐོག་མཐའ་བར་གསུམ་དུ་ཡུལ་མི་ཚོའི་སྣེ་ཁྲིད་དེ་མཐའ་མཚམས་ཀྱི་་འཐབ་ས་མདུན་མར་སྐོར་གཡེང་ལས་ལ་གཞོལ།

    ད་ཆ་ཡུལ་མི་དེ་བས་མང་བ་མཐའ་མཚམས་སྐོར་གཡེང་དང་མཐའ་བརྟན་གྱི་དཔུང་ཁག་ནང་ཞུགས་ཤིང་། དེའི་ཁྲོད་ལོ་མང་མཐའ་སྲུང་བྱེད་མྱོང་བའི་རྒན་རྒོན་ཡོད་ལ། ལུས་སྟོབས་ཆེ་བའི་གཞོན་ནུ་དང་། ད་དུང་ལང་ཚོའི་དཔལ་འབར་བའི་ཕ་ཡུལ་དུ་ལོག་པའི་སློབ་གྲྭ་ཆེ་མོ་བའང་ཡོད། ཁོང་ཚོས་ཚེ་རིང་ནོར་བུས་བསྐྱོད་མྱོང་བའི་ལམ་བུ་བརྒྱུད། གངས་ལྗོངས་མཐའ་མཚམས་སུ་ཉིན་ལྟར་སྐོར་གཡེང་མཐའ་སྲུང་གིས་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་རྒྱུན་འཛིན་བྱས་ནས། རྐང་ཐང་མར་རྒྱལ་ཁབ་ཀྱི་མཐའ་མཚམས་ལ་སྐོར་གཡེང་དང་ལྷག་བསམ་རྣམ་དག་གིས་ཁྱིམ་གཞིས་སྲུང་བཞིན་ཡོད།

    མཐའ་དར། གངས་ལྗོངས་མཐའ་མཚམས་ཀྱི་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་པ།

    ཉི་མ་ནུབ་ཁར། བསྟི་ཡག་སློབ་ཆུང་གི་ལུས་རྩལ་ཐང་དུ་འཁྲུག་ཆ་ཧ་ཅང་དོད་ཅིང་། ལོ་རིམ་དྲུག་པའི་འཇམ་དབྱངས་སྒྲོལ་མ་དང་སློབ་གྲོགས་ཚོས་སྤྲོ་སྣང་དོད་པའི་རོལ་དབྱངས་དང་བསྟུན་ནས་མཉམ་དུ་སྒོར་གཞས་འཁྲབ་བཞིན་ཡོད།

    སློབ་ཆུང་དེའི་སློབ་སྤྱི་བློ་བཟང་ཚེ་རིང་གིས་ལུས་རྩལ་ཐང་གི་ཕྱི་རོལ་ནས་སྤྲོ་སྣང་དོད་པའི་ཕྲུ་གུ་དེ་དག་ལ་བརྩེ་བ་ཟབ་མོས་ལྟ་བཞིན་མཆིས།

    “ལོ་རིམ་དྲུག་གི་སློབ་མ་ཚོ་འདི་གར་སྤྲོ་སྣང་ལྡན་ལ་བློ་བདེ་པོས་སློབ་སྦྱོང་བྱེད་པ་མཐོང་སྐབས་སེམས་ལ་དགའ་ཚོར་ཆེན་པོ་ཡོང་གི་འདུག”ཅེས་བློ་བཟང་ཚེ་རིང་གིས་བརྗོད་པ་དང་། ཁོང་གི་སྐད་ཆའི་ཁྲོད་ནས་ང་ཚོས་བསྟི་ཡག་གི་སློབ་གསོར་འགྱུར་ལྡོག་ཆེན་པོ་བྱུང་བ་ངང་གིས་ཚོར།

    སྔོན་ཆད་དུས་ཡུན་རིང་པོའི་ནང་དེ་གར་སློབ་ཁྲིད་ས་ཚིགས་གཅིག་ལས་མེད་པས་ལོ་རིམ་དང་པོ་ནས་གསུམ་པའི་བར་གྱི་སློབ་མ་མ་གཏོགས་བསྡུ་གི་མེད་ཅིང་། ལོ་རིམ་བཞི་པ་ནས་དྲུག་པའི་སློབ་མ་རྣམས་ཉེ་འགྲམ་གྱི་ཤང་དང་གྲོང་རྡལ་ལམ་ཡང་ན་རྫོང་གི་སློབ་གྲྭར་སྐྱོད་དགོས། བློ་བཟང་ཚེ་རིང་གིས“སྐབས་དེ་དུས་སློབ་ཆུང་དང་བུ་བཅོལ་ཁང་མཉམ་དུ་ཡོད་ལ། དགེ་རྒན་4མ་གཏོགས་མེད་པས་ཁོང་ཚོས་ཕྲུ་གུར་ལྟ་རྟོག་བྱེད་དགོས་ལ། ད་དུང་སློབ་ཆུང་འཛིན་གྲྭ་3གྱི་སློབ་ཚན་ཡང་ཁྲིད་དགོས་ཀྱི་ཡོད”ཅེས་བརྗོད།

    མ་གཞི་སློབ་ཁྲིད་ཆ་རྐྱེན་ཧ་ཅང་ཞན་རུང་། ཕྲུ་གུ་ཚོའི་མིག་ཟུང་ནས་ཤེས་བྱ་སྦྱོང་འདོད་ཀྱི་བློ་དང་ཡུལ་མི་ཚོས་རེ་བ་ཟབ་མོ་བཅོལ་བ་ཁོང་གིས་གསལ་པོར་རྟོགས་སྟབས། བློ་བཟང་ཚེ་རིང་གིས་རང་འགུལ་ངང་བསྟི་ཡག་ཏུ་མུ་མཐུད་སློབ་ཁྲིད་བྱས་ནས་སྡོད་རྒྱུའི་རེ་ཞུ་ཐེངས་གཉིས་བསྐྱལ།

    2024ལོའི་ལོ་མཇུག་ཏུ། ས་གནས་དེ་གའི་མང་ཚོགས་ཚོས་གཏམ་བཟང་ཞིག་ཐོས་པ་སྟེ། དེ་ནི་ས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ་6000ལྷག་ཙམ་ཟིན་པའི་བསྟི་ཡག་སློབ་ཆུང་བསྐྲུན་ཟིན་ནས་ལོ་རིམ་དྲུག་གི་སློབ་མ་བསྡུ་ཐུབ་ཀྱི་ཡོད་པ་དེ་རེད། 2025ལོའི་ཟླ་3པར་སློབ་འགོ་ཚུགས་རྗེས་ཕྱིར་སློབ་སྦྱོང་བྱེད་པར་བསྐྱོད་པའི་ལོ་རིམ་མཐོ་བའི་སློབ་མ་ཚང་མ་ཕ་ཡུལ་དུ་ལོག་ཡོད།

    སློབ་གསོའི་བྱ་གཞག་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་དེ་ནི་བསྟི་ཡག་ལ་འཕོ་འགྱུར་བྱུང་བའི་བསྡུས་རིས་ཙམ་ཞིག་རེད།

    ཉེ་བའི་ལོ་ཤས་རིང་། བོད་ཀྱིས་རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་དཔེ་སྟོན་ཁུལ་འཛུགས་གཏོད་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་སྦྲགས། ཧི་མ་ལ་ཡའི་ཕུག་ཏུ་གནས་པའི་གྲོང་རྡལ་ཆུང་ཆུང་དེ་གངས་ལྗོངས་མཐའ་མཚམས་ཀྱི་བདེ་སྐྱིད་ཁྱིམ་གཞིས་ཤིག་ཏུ་འགྱུར་བཞིན་ཡོད། ཡུལ་མིའི་འབྱོར་འབྲིང་གི་ཁྱད་ལྡན་བོད་ཁང་རེ་རེ་གྲལ་སྟར་འགྲིག་པོར་གནས་པ་དང་། སྣུམ་ནག་ལམ་རེ་རེ་ཁྱིམ་ཚང་ཚང་མའི་སྒོ་འགྲམ་དུ་བཏིང་པ། གློག་ཤིང་རེ་རེའི་འཕྲིན་གཏོང་བརྡ་རྟགས་གྲོང་ཚོ་ཚང་མར་ཁྱབ་པ། གློག་སྐུད་རེ་རེ་ལས་ཁྱིམ་ཚང་ཚང་མར་གློག་བརྟན་པོ་མཁོ་འདོན་བྱེད་ཐུབ་པ་ལ་སོགས་རེད།

    “ད་ཆ་འགྲོ་ལམ་ལེགས་སུ་ཕྱིན་པ་དང་། སློབ་གྲྭར་འགྲོ་བར་སེམས་ཁྲལ་མེད་པ། ནད་གཞི་ལྟ་བདེ་བ། ཁོར་ཡུག་དེ་བས་མཛེས་པ་བཅས་བྱུང་ཡོད། ཕ་ཡུལ་ཉིན་རེ་བཞིན་ལེགས་སུ་ཕྱིན་པ་མཐོང་སྐབས་མཐའ་མཚམས་སྲུང་སྐྱོང་དང་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པའི་ང་ཚོའི་ངར་ཤུགས་དེ་བས་ཆེ་རུ་ཕྱིན་སོང”ཞེས་བསྟི་ཡག་གྲོང་ཚོའི་ཡུལ་མི་ལྷ་འཛོམས་ཀྱིས་བརྗོད།

    དམངས་ཕྱུག མང་ཚོགས་ཀྱི་དངུལ་ཁུག་དེ་བས་ལྗིད་ཏིག་ཏིག་ཏུ་གྱུར་པ།

    བདེ་སྐྱིད་ལྷ་མོས་བདེ་ལྕག་འཁྱུག་པོས་མལ་གདན་དང་། མལ་ཤུབས། སྔས་ཤུབས་བཅས་ཆ་ཚང་གསར་པ་བརྗེ་བ་སོགས་མགྲོན་ཁང་ལ་གཙང་སྦྲ་བྱེད་བཞིན་པ་གསར་འགོད་པས་མཐོང་།

    “གནམ་གཤིས་དྲོ་རུ་ཕྱིན་རྗེས་ཡུལ་སྐོར་བ་རིམ་བཞིན་མང་དུ་ཕྱིན་ནས་མདང་དགོང་ཉལ་ཁྲི་བཞི་ལས་ལྷག་མ་སོང་། ཡུལ་སྐོར་མང་བའི་དུས་ཚིགས་འཆར་ཉེར་ཡོད་པས་ངས་དུས་ཚོད་དམ་འཛིན་བྱས་ནས་མགྲོན་ཁང་ལ་གཙང་སྦྲ་བྱེད་ཀྱི་ཡོད”ཅེས་བདེ་སྐྱིད་ལྷ་མོས་བརྗོད།

    བདེ་སྐྱིད་ལྷ་མོས་མགྲོན་ཁང་ནང་གཙང་སྦྲ་བྱེད་པར་བྲེལ་བ་དང་། ཁོང་གི་ཕ་པད་མ་བློ་བཟང་གིས་ཨར་ལས་མི་སྣ་དང་མཉམ་དུ་སོ་ཕག་གི་སྤུས་ཚད་ལ་ལྟ་ཞོར་ཨར་འདམ་བཟོ་གྲྭ་དང་འབྲེལ་བ་བྱེད་བཞིན་བྲེལ་བ་ཧ་ཅང་ཆེ་ཞིང་། ཁོང་ཁྱིམ་གྱིས་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་600ཟིན་པའི་གསོལ་མགྲོན་ཁང་གསུམ་ཐོག་ཅིག་རྒྱག་བཞིན་ཡོད།

    པད་མ་བློ་བཟང་གིས་གསར་འགོད་པར། མ་གཞི་ང་རང་ནི་ནས་འདེབས་པ་དང་ཤིང་འབྲས་ལྡུམ་རར་བདག་སྐྱོང་བྱེད་ཤེས་པ་ཙམ་གྱི་ཞིང་པ་དཀྱུས་མ་ཞིག་ཡིན། ཉེ་བའི་ལོ་ཤས་རིང་འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་བསྟུན་ནས། “མངའ་རིས་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ་ཆུང་ངུ”ཞེས་འབོད་པའི་བསྟི་ཡག་ལ་ཡུལ་སྐོར་བ་མང་དུ་ཕྱིན་ཡོད། འོན་ཀྱང་། དེ་གར་གསོལ་མགྲོན་ཁང་མེད་སྟབས་ཞག་སྡོད་དཀའ་བ་ནི་གནད་དོན་ཞིག་ཏུ་གྱུར་ཡོད་ཅེས་བརྗོད།

    “སྐབས་དེ་དུས་ཁྱིམ་དུ་ཁང་པ་སྟོང་པ་ཁ་ཤས་ཡོད་པས། ཤང་གི་ལས་བྱེད་པ་གྲོང་ཚོ་དང་དུད་ཚང་དུ་ཡོང་སྐབས་ང་ལ་ཁང་པ་སྟོང་པ་དག་སྤྱད་ནས་ཁྱིམ་ཚང་མགྲོན་ཁང་ཞིག་གཉེར་ཏེ་ཡོང་འབབ་མང་དུ་གཏོང་དགོས་པའི་གྲོས་འགོ་བཏོན་བྱུང་། འོན་ཀྱང་། སྐབས་དེ་དུས་འགོ་ཇི་ལྟར་འཛུགས་དགོས་མིན་སེམས་ཁྲལ་ཆེན་པོ་བྱུང”ཞེས་པད་མ་བློ་བཟང་གིས་བརྗོད། ས་གནས་སྲིད་གཞུང་གིས་ཁོང་ཚོ་སྒྲིག་འཛུགས་བྱས་ནས་འབྲེལ་ཡོད་སྲིད་ཇུས་དྲིལ་བསྒྲགས་བྱས་པ་དང་ཆབས་ཅིག ཆེད་དོན་གསོ་སྦྱོང་ཀྱང་མང་པོ་བྱས་པ་རེད།

    སེམས་ནང་གདེང་ཚོད་སླེབས་རྗེས། 2018ལོར་པད་མ་བློ་བཟང་གིས་ཁང་པ་སྟོང་པ་ཁ་ཤས་ནང་ཉལ་ཁྲི་11བསྒྲིགས་ནས་ཁྱིམ་ཚང་མགྲོན་ཁང་གཉེར་ཏེ་ཕྱུག་འགྱུར་གྱི་ལམ་བུར་སྐྱོད་འགོ་ཚུགས།

    བསྟི་ཡག་ཤང་ཏང་ཨུད་དང་སྲིད་གཞུང་གི་རྒྱབ་སྐྱོར་འོག ཡུལ་མི་ཁག་གཅིག་ལ་ཡུལ་སྐོར་གྱི་ཡོང་འབབ་རག་པ་དང་། མང་ཚོགས་དེ་བས་མང་བས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་བརྒྱུད་ཁེ་སྤོགས་ལོངས་སྤྱོད་ཐུབ་ཡོད།

    བསྟི་ཡག་གྲོང་ཚོའི་ཡུལ་མི་བཀྲ་ཤིས་གཡང་འཛོམས་ཀྱིས། སྔོན་ཆད་འགྲིམ་འགྲུལ་ཆ་རྐྱེན་ཞན་པས་སྐྱེལ་འདྲེན་དུས་ཚོད་རིང་བ་དང་མ་གནས་མཐོ་བར་བརྟེན་ཤིང་འབྲས་སོས་པ་ཚོང་ཁག་པ་མ་ཟད། གོང་ཡང་ཡག་པོ་རག་གི་མེད། འོན་ཀྱང་། “ལོ་དེ་གཉིས་ནང་ཚོང་ལམ་ལེགས་སུ་ཕྱིན་ཞིང་། སྲིད་གཞུང་གིས་ཕྱོགས་གཅིག་ནས་ཤིང་འབྲས་ཐོན་ལས་མཉམ་ལས་ཁང་བཙུགས་ནས་གཅིག་གྱུར་ཉོ་ཚོང་བྱེད་པར་ཁྲིད་སྟོན་བྱས་པ་དང་། ཕྱོགས་གཞན་ཞིག་ནས་ཚན་རྩལ་པ་མངགས་ནས་འདེབས་འཛུགས་མཛུབ་ཁྲིད་དང་། སྣ་ཁ་གསར་པ་ནང་འདྲེན། སོན་བཟང་ལེགས་སྒྱུར་བཅས་བྱས་ཡོད། ན་ནིང་ང་ཚོའི་ཁྱིམ་གྱིས་ཀུ་ཤུ་དང་ཁམ་བུ་བཙོངས་པར་ཡོང་འབབ་སྒོར་ཁྲི་3ཙམ་བྱུང”ཞེས་བརྗོད།

    འབྱུང་འགྱུར་ལ་རྒྱང་ལྟ་བྱས་ཚེ། བོད་ཀྱིས་སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་ཀྱི་གོ་སྐབས་བསུ་བཞིན་ཡོད། ས་མཐོའི་མི་རིགས་ཁག་གི་བུ་ཕྲུག་ཚོས་རབ་ཏུ་ཕྱུག་པའི་སྤྲོ་སེམས་དང་དེ་བས་དཔའ་ངར་ཆེར་སྐྱེད་ཀྱི་ངར་ཤུགས་ལ་བརྟེན་ནས། གདེང་ཚོད་དང་ངར་ཤུགས་ཆེན་པོས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག”ཧུར་ཐག་བྱས་ཏེ། ལྷག་བསམ་རྣམ་དག་ལ་བརྟེན་ནས་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་གི་ལེའུ་གསར་པ་རྩོམ་ངེས་རེད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།