ལོ་རྒྱུས་དང་མི་དམངས་ཀྱི་ཚོད་བགམ་ཐེག་པའི་ཕུལ་བྱུང་གི་རྒྱུགས་ལན་ཞིག
འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།
ཉེ་ཆར། བོད་ཀྱི“1·07”དིང་རིའི་ས་ཡོམ་གྱི་ཡོམ་འགོག་གེགས་སེལ་དང་སླར་གསོ་བསྐྱར་སྐྲུན་གྱི་གཟེངས་བསྟོད་ཚོགས་ཆེན་འཚོགས་པ་རེད། ཚོགས་འདུའི་ཐོག་དིང་རིའི་ས་ཡོམ་གྱི་ཡོམ་འགོག་གེགས་སེལ་དང་སླར་གསོ་བསྐྱར་སྐྲུན་ལས་དོན་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱས་པ་དང་། མངོན་གསལ་དོད་པའི་ལེགས་སྐྱེས་འབུལ་མཁན་གྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱས་ནས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཡོམ་འགོག་གེགས་སེལ་གྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་བཏང་སྟེ། གསར་འབྱེད་གསར་གཏོད་དང་། འགག་སྒྲོལ་དཀའ་སེལ། བློ་བརྟན་འགྱུར་མེད་བཅས་ཀྱི་སྒོ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས་པའི་སྐུལ་ལྕག་བྱས་པ་རེད།
དིང་རིའི་ས་ཡོམ་གྱི་གནོད་འཚེ་ཐོན་རྗེས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། ལྗོངས་ཡོངས་ཀྱི་ཏང་སྲིད་དམག་ཉེན་དམངས་བཅས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས། བོད་ཀྱི་ལོ་རྒྱུས་ཐོག་རོགས་སྐྱོབ་མྱུར་ཚད་མགྱོགས་ཤོས་དང་། སྐུལ་སློང་ཁྱབ་རྒྱ་ཆེ་ཤོས། སྟོབས་ཤུགས་གཏོང་མང་ཤོས་བཅས་ཀྱི་ཡོམ་འགོག་གེགས་སེལ་གྱི་འཐབ་རྩོད་བྱས་ཤིང་། ཚན་རིག་དང་མཐུན་པའི་སྒོ་ནས་ཐབས་ཇུས་འགོད་པ་དང་ནུས་ཆེའི་སྒོ་ནས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ལ་སྐུལ་འདེད་བཏང་བས། དུས་ཐུང་ཟླ་བ་10ཡི་ནང་ཡོམ་འགོག་གེགས་སེལ་དང་སླར་གསོ་བསྐྱར་སྐྲུན་ལ་རྒྱལ་ཁ་ཆེན་པོ་ཐོབ་སྟེ། ཏང་ཀྲུང་དབྱང་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཚད་ལོན་པའི་རྒྱུགས་ལན་ཞིག་ཕུལ་ཡོད།
རྒྱུགས་ལན་དེ་ལས་མི་དམངས་གཙོ་འཛིན་གྱིས་མི་དམངས་ལ་བརྩེ་བ་ཟབ་མོ་བཅངས་ལུགས་དང་ཏང་ཀྲུང་དབྱང་གིས་མཁས་མཛངས་ལྡན་པའི་འགོ་ཁྲིད་གནང་ལུགས་གང་ལེགས་མངོན་ཡོད། གནོད་འཚེའི་གནས་ཚུལ་ཐོན་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲལ་དུ་མཛུབ་སྟོན་གལ་ཆེན་གནང་ཞིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་སྟེ་ཡོམ་འགོག་གེགས་སེལ་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་གནང་བ་དང་། ཡོམ་འགོག་གེགས་སེལ་དང་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ཡག་པོ་སྒྲུབ་དགོས་པའི་ཐད་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ཡོད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་དང་བྱམས་སྐྱོང་གནང་བ་དེ་བས་ཟབ་མོ་ཚོར་བ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྤྱི་ཡོངས་ལ་སྟངས་འཛིན་དང་། མཁས་མཛངས་ལྡན་པའི་ཇུས་འགོད། ཚན་རིག་དང་མཐུན་པའི་བཀོད་འདོམས་བཅས་གནང་བ་ནི་ང་ཚོས་ས་ཡོམ་གནོད་འཚེ་ལས་རྣམ་པར་རྒྱལ་ཞིང་བདེ་བླག་ངང་སླར་གསོ་བསྐྱར་སྐྲུན་ཐུབ་པའི་སྲོག་ཤིང་དང་རྟེན་ས་ཆེ་ཤོས་དེ་ཡིན་པའང་ངོས་འཛིན་དེ་བས་གཏིང་ཟབ་ཐུབ་ཡོད།
རྒྱུགས་ལན་དེ་ལས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགྲན་ཟླ་བྲལ་བའི་ཁྱད་འཕགས་རང་བཞིན་དང་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་འགྲན་ཟླ་བྲལ་བའི་དྲོ་སྐྱིད་གསལ་འགྲེལ་གང་ལེགས་བྱས་ཡོད། ད་རེས་ཀྱི་ཡོམ་འགོག་གེགས་སེལ་དང་སླར་གསོ་བསྐྱར་སྐྲུན་ཁྲོད་རྒྱལ་སྲིད་སྤྱི་ཁྱབ་ཁང་ཡོམ་འགོག་གེགས་སེལ་བཀོད་འདོམས་པུའུ་ཡིས་ཕྱོགས་ཁག་གི་སྟོབས་ཤུགས་སྤྱི་འདོམས་མཐུན་སྦྱོར་བྱས་ཏེ་དུས་ཐོག་ཏུ་སྲིད་ཇུས་འདོན་པ་དང་། མ་དངུལ་གཏོང་སྤྲོད། དངོས་ཟོག་གཏོང་སྤྲོད་བཅས་གནང་ཡོད། རྒྱལ་ཁབ་པུའུ་ཨུད་ཁག་གིས་ཚད་གཞི་མཐོ་ཤོས་དང་སྲིད་ཇུས་ཡག་ཤོས་ལ་བརྟེན་ནས་གེགས་ཁུལ་གྱི་སླར་གསོ་བསྐྱར་སྐྲུན་ལ་རྒྱབ་སྐྱོར་བྱས་ཡོད། སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་རོགས་སྐྱོར་གྱི་ལག་ཟུང་གཅིག་མཇུག་གཉིས་མཐུད་ངང་བརྐྱངས་ཏེ་མི་སྣ་དང་། དངོས་ཟོག ལག་རྩལ་བཅས་ཀྱི་རྒྱབ་སྐྱོར་བྱས་ཡོད། རྒྱལ་ཡོངས་མི་དམངས་དང་བོད་ཀྱི་མི་དམངས་ཀྱིས་གཅིག་སེམས་གཅིག་སྦྲེལ་དང་ལག་གདང་མཉམ་སྦྲེལ་གྱིས་ཐུན་མོང་ཐོག་དཀའ་ངལ་གདོང་གིས་བསུས་པ་དང་། སྤྱི་ཚོགས་ལས་རིགས་ཁག་གིས་དངུལ་དང་དངོས་པོ་ཚ་ཚ་འུར་འུར་ངང་ཞལ་འདེབས་ཕུལ་ནས་ཉེན་སེལ་རྒུད་སྐྱོབ་བྱས་པ་སོགས་བརྗོད་ཀྱིས་མི་ལང་། ཏང་གི་འབོད་སྐུལ་འོག་ཕྱོགས་ཁག་གི་སྟོབས་ཤུགས་མགྱོགས་མྱུར་གོང་བུ་གཅིག་ཏུ་བསྒྲིལ་ཏེ། ཐོན་ཁུངས་སྣ་ཚོགས་རྒྱལ་ཁབ་ཀྱི་བཀོད་གཏོང་འོག་ནུས་ཆེའི་བསྡུ་སྒྲིལ་བྱས་པ་དང་། ཕྱོགས་བཞི་མཚམས་བརྒྱད་ཀྱི་གཅེས་སེམས་དང་ལེགས་སྐྱེས་དག་ཀུན་སེམས་གཅིག་མཐུན་གྱི་མཉམ་ཤུགས་ཆེན་པོ་ཞིག་ལ་བསྒྱུར་བ་དེ་ལས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི“རྒྱལ་ཡོངས་བསམ་ཇུས་གཅིག་མཐའ་འཁྱོངས”དང“སྟོབས་ཤུགས་གཅིག་སྡུད་ཀྱིས་དོན་ཆེན་སྒྲུབ་པའི”ཆབ་སྲིད་ཀྱི་ལེགས་ཆ་གང་ལེགས་མངོན་པ་དང་། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་ཞིང་། མི་རིགས་ཁག་གི་མང་ཚོགས་ཚོས་བདེ་སྡུག་མཉམ་མྱོང་དང་ཤ་ཁྲག་འདྲེས་པའི་སྤུན་ཟླའི་བརྩེ་སེམས་གང་ལེགས་མཚོན་ཡོད།
རྒྱུགས་ལན་དེ་ལས་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་སྣེ་ཁྲིད་བྱེད་པའི་མཐུན་སྒྲིལ་གྱི་སྟོབས་ཤུགས་རླབས་པོ་ཆེ་དང་འགན་འཁྲི་ཁུར་སེམས་གང་ལེགས་མཚོན་ཡོད། གློ་བུར་དུ་གནོད་འཚེའི་གནས་ཚུལ་འཕྲད་སྐབས། ལྗོངས་ཏང་ཨུད་ཀྱིས་མགྱོགས་མྱུར་འཕྲལ་སྡོམ་དང་འཕྲལ་ཐག་ཆོད་པའི་ཐབས་ཇུས་བཀོད་པ་དང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སྔོན་ཚུད་ནས་བཀོད་འདོམས་དང་རང་འགན་གཙང་སྒྲུབ་བྱས་ཏེ། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཚེ་སྲོག་སྐྱོབ་གང་ཐུབ་དང་གནོད་འཚེ་ལས་བྱུང་བའི་གྱོང་གུན་ཆུང་དུ་གཏོང་གང་ཐུབ་བྱས་པ་མ་ཟད། གེགས་རྗེས་སླར་གསོ་བསྐྱར་སྐྲུན་དེ་ཉིད་དམངས་འཚོའི་འདུ་འགོད་གལ་ཆེན་ལ་བརྩིས་ཏེ་སྤུས་ཚད་མཐོ་པོ་དང་ཚད་གཞི་ནན་པོས་ལས་དོན་ཁག་གི་ལས་འགན་ལ་སྐུལ་འདེད་བཏང་ནས་གནོད་འཚེ་ཕོག་པའི་མང་ཚོགས་དགུན་ཁ་མ་ཤར་གོང་ཚང་མ་བདེ་འཇགས་དང་དྲོ་སྐྱིད་ལྡན་པའི་ཁང་པ་གསར་པར་སྤོ་ཐུབ་པ་བྱས་ཡོད། མི་དམངས་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དཔའ་ངར་ཆེར་སྐྱེད་དང་ཞུམ་མེད་མདུན་སྐྱོད་བྱས་པ་དང་། བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག སྤྱི་བདེའི་མི་དམངས་ཉེན་རྟོག་པ། མེ་ཟོན་རོགས་སྐྱོབ་རུ་ཁག་སོགས་ཀྱིས་ཞུམ་མེད་གདོང་མཆོང་དང་འགན་འཁྲི་ལྕི་པོ་འཁུར་ཕོད་པ་བྱས་པ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་གེགས་ཁུལ་མི་དམངས་ཀྱིས་ཕྱར་བ་གྲུ་འདེགས་དང་ཕན་ཚུན་ལྟ་སྐྱོང་བྱས་ཏེ་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ནས། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་ཚེ་སྲོག་སྲུང་སྐྱོབ་ཀྱི་དམག་འཐབ་དང་། ཚན་རིག་དང་མཐུན་ཞིང་ནུས་པ་ཆེ་བའི་སྒོ་ནས་རྨས་མ་སྐྱོབ་བཅོས་བྱེད་པའི་དམག་འཐབ། སྒྲིག་འཛུགས་ནུས་ལྡན་དང་འགན་སྲུང་ལེགས་པའི་མང་ཚོགས་བཀོད་སྒྲིག་གི་དམག་འཐབ་བཅས་ལ་རྒྱལ་ཁ་བླངས་པས། སྤྱི་ཚོགས་ལས་རིགས་ཁག་གི་བསྔགས་བརྗོད་རྒྱ་ཁྱབ་ཏུ་ཐོབ་ནས་ས་མཐོའི་འཕྲལ་སྡོམ་རོགས་སྐྱོབ་ལས་དོན་གྱི་མིག་དཔེ་བཏོད་ཡོད།
ཉམས་མྱོང་ཕྱོགས་སྡོམ་མཁས་པོ་བྱུང་ན་གཞི་ནས་རྒྱུ་ནོར་ལ་འགྱུར་ཐུབ་པ་དང་། བློ་འབྱེད་རྣམས་བྱ་སྤྱོད་ལ་འགྱུར་ན་གཞི་ནས་སྟོབས་ཤུགས་སྐྱེད་ཐུབ། མིག་སྔར། བོད་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་གཞི་རྩའི་ཆ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱེད་པའི་རྨང་གཞི་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ཤུགས་རྒྱག་པའི་འགག་རྩའི་དུས་སྐབས་སུ་སླེབས་ཡོད་པས། སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་དཀའ་ཚེགས་དང་ལྗིད་རྫོབ་ཆེ་སྟབས། རིམ་ཁག་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཡོམ་འགོག་གེགས་སེལ་གྱི་སྙིང་སྟོབས་རླབས་པོ་ཆེ་དང་། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས། “ལམ་གཉིས”ཀྱི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་བཏང་སྟེ་ཡོམ་འགོག་གེགས་སེལ་དང་སླར་གསོ་བསྐྱར་སྐྲུན་རིང་གོང་བུ་གཅིག་ཏུ་བསྒྲིལ་བའི་སྟོབས་ཤུགས་ཆེན་པོ་དག་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བསམ་བློའི་ཐུན་མོང་གི་ངོས་འཛིན་དང་བྱ་སྤྱོད་དངོས་ལ་འགྱུར་བ་བྱ་རྒྱུ་ཁ་ཚ་དགོས་གཏུགས་ལ་ཐུག་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། “དོན་ཆེན་བཞི”དོན་ཐོག་ཏུ་འཁྱོལ་བར་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། དམངས་འཚོ་འགན་སྲུང་དང་ལེགས་གཏོང་ཧུར་ཐག་བྱེད་པ། རང་བྱུང་གནོད་འཚེ་འགོག་ཟོན་དང་དེར་ཁ་གཏད་གཅོག་པའི་ནུས་པ་དང་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ། ཏང་འཛུགས་སྐྱོང་ལ་རྒྱུན་སྲིང་ལྷོད་མེད་ངང་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་གྱི་བྱ་གཞག་ཁག་སྐས་རིམ་གསར་པ་ཞིག་ལ་སླེབས་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས།
ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཡོམ་འགོག་གེགས་སེལ་དང་སླར་གསོ་བསྐྱར་སྐྲུན་རིང་ཐོབ་པའི་ཉམས་མྱོང་དང་བློ་འབྱེད་ལ་སློབ་སྦྱོང་རྒྱུས་ལོན་གཏིང་ཟབ་དང་རྒྱུན་ཆད་མེད་པར་བཀོལ་སྤྱོད་ཡག་པོ་བྱས་ཏེ། བློ་སེམས་གཅིག་སྒྲིལ་དང་གསར་འབྱེད་འབད་འབུངས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་གྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས།
འབྲེལ་ཡོད་གསར་འགྱུར།