དབུ་ཤོག
  • “འབྲི་གཡག་གཅིག་པར་རིན་གོང་མི་འདྲ་བ”ནས“འགན་བཅོལ་དང་འགན་འཁྲི་གཞི་གཅིག་ཅན”བར།

    —— ནག་ཆུའི་འབྲི་གཡག་གི་ཞིང་ལས་འགན་བཅོལ་སྒྱུར་བཅོས་ཀྱི་ཐོད་བརྒལ་གསར་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-27

    ཟླ་ལྔ་པའི་བོད་བྱང་ཐང་ས་མཐོར་རྩྭ་ཡི་མྱུ་གུ་འབུས་མ་ཐག་ཡིན་ཞིང་། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱི་འབྲོག་པ་བཀྲ་ཤིས་ཀྱིས་རང་ཁྱིམ་གྱི་འབྲོག་རར་བག་ཕེབས་ངང་རྩྭ་ཟ་བཞིན་པའི་འབྲི་གཡག་ལ་ལྟ་བཞིན་དགའ་ཚོར་ཆེན་པོས“ཕྱིས་སུ་འབྲི་གཡག་ན་ནས་ཤི་བའམ་ཡང་ན་རི་སྐྱེས་སྲོག་ཆགས་ཀྱིས་བཟས་པ་སོགས་བྱས་ཚེ་ཁ་གསབ་སྒོར་5000ལེན་རྒྱུ་ཡོད་པས་སེམས་པ་ལྷོད་ལ་བབས་སོང”ཞེས་བརྗོད།

    བཀྲ་ཤིས་བློ་བདེ་པོ་ཡོང་དོན་ནི་ནག་ཆུ་གྲོང་ཁྱེར་དུ་སྲིད་ཇུས་རང་བཞིན་གྱི་ཞིང་ལས་འགན་བཅོལ་སྒྱུར་བཅོས་བྱས་མ་ཐག་ཡིན་ཞིང་། ལོ་མང་རིང་འབྲོག་པར་འཕྲད་པའི་“འབྲི་གཡག་གཅིག་པར་རིན་གོང་མི་འདྲ་བའི”དཀའ་གནད་སེལ་ཐུབ་པ་བྱུང་བས་རེད།

    རྒྱལ་ཡོངས་ཀྱི་འབྲོག་ཁུལ་ཆེ་གྲས་ལྔའི་གྲས་ཤིག་ཡིན་པའི་ནག་ཆུ་གྲོང་ཁྱེར་གྱི་ལག་ཡོད་འབྲི་གཡག་མགོ་གྲངས་ཁྲི་200ལྷག་ཙམ་ཡོད་པ་དེ་ནི་འབྲོག་པའི་ཐོན་སྐྱེད་རྒྱུ་ཆ་དང་འབབ་ཁུངས་གཙོ་བོ་རེད། འོན་ཀྱང་། དུས་ཡུན་རིང་པོའི་ནང་ཞིང་ལས་འགན་བཅོལ་དང་རི་སྐྱེས་སྲོག་ཆགས་ཀྱིས་གནོད་འཚེ་བཏང་བར་ཁ་གསབ་སྤྲོད་པའི་སྲིད་ཇུས་ཀྱི་མ་ལག་རིགས་གཉིས་སུ་དབྱེ་བའི་དབང་གིས“འབྲི་གཡག་གཅིག་པར་རིན་གོང་མི་འདྲ་བ”སྤྲོད་བཞིན་ཡོད་སྟབས་འབྲོག་པ་རྣམས་ཅི་བྱ་གཏོལ་མེད་ཀྱི་གནས་སུ་གྱར་ཡོད། འགན་བཅོལ་ནང་ཞུགས་པའི་འབྲི་གཡག་ལ་རིམས་ནད་དང་གནམ་གཤིས་ཀྱི་གནོད་འཚེས་རྐྱེན་པས་ཤི་ཚེ་འབྲོག་པར་སྒོར་5000གི་ཁ་གསབ་རག་གི་ཡོད། གལ་ཏེ་གསའ་དང་སྤྱང་ཀིས་བསད་ཚེ་རི་སྐྱེས་སྲོག་ཆགས་ཀྱིས་གནོད་འཚེ་བཏང་བའི་ཁ་གསབ་སྒོར་2500ལས་རག་གི་མེད་པ་རེད། དེ་གཉིས་དབར་ཁ་གསབ་དངུལ་གྲངས་ལྡབ་གཅིག་ཙམ་ཤོར་བས་དེ་ནི་འབྲོག་པའི་སེམས་ནད་ཅིག་ཏུ་གྱུར་ཡོད།

    དམངས་འཚོར་དོན་ཆུང་མེད། བྱ་བ་ཆུང་ཙག་ཅིག་ནས་ཕྱོགས་ཡོངས་མངོན། 2025ལོའི་ཟླ་7པར། ནག་ཆུ་གྲོང་ཁྱེར་གྱིས་དམངས་འཚོའི་དཀའ་གནད་ལ་དམིགས་ནས་ད་ལྟ་ལག་ལེན་བསྟར་བཞིན་པའི་ཞིང་ལས་འགན་བཅོལ་སྲིད་ཇུས་ལ་གསེད་བཀྲོལ་བྱས་པ་དང་། མཐའ་འཁོར་གྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་དང་ཤར་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཀྱི་གསར་གཏོད་ཉམས་མྱོང་དཔྱད་གཞིར་འཛིན་ནས“ཞིང་ལས་འགན་བཅོལ”དང“རི་སྐྱེས་སྲོག་ཆགས་ཀྱིས་གནོད་འཚེ་བཏང་བའི”འགན་འཁྲི་གཉིས་ལེགས་འགྱུར་མཉམ་འདྲེས་སྒྱུར་བཅོས་བྱེད་འགོ་ཚུགས་པ་རེད།

    ནག་ཆུ་གྲོང་ཁྱེར་ནོར་སྲིད་ཅུས་ཀྱིས་བརྟག་ཞིབ་ཚོགས་ཆུང་བཙུགས་ཏེ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྲིད་ཇུས་ལ་གསེད་བཀྲོལ་བྱས་པ་དང་། ཀྲེ་ཅང་གི་བོད་སྐྱོར་སྟོབས་ཤུགས་ལ་བརྟེན་ནས་ཀྲེ་ཅང་དང་། མཚོ་སྔོན། ཀུའེ་ཀྲོའུ་སོགས་ཀྱི་རི་སྐྱེས་སྲོག་ཆགས་ཀྱིས་གནོད་འཚེ་བཏང་བའི་འགན་བཅོལ་ཇི་ལྟར་བྱེད་མིན་བྱང་ཆུབ་པའི་ཉམས་མྱོང་སློབ་སྦྱོང་བྱས་པ། རང་སྐྱོང་ལྗོངས་ནོར་སྲིད་དང་དངུལ་རྩ་སོགས་སྡེ་ཚན་གྱི་རོགས་རམ་འོག་སྲིད་ཇུས་ཀྱི་གྲོས་འགོ་གྲུབ་ཡོད་པ་རེད། 2025ལོའི་ལོ་མཇུག་ཏུ་རི་སྐྱེས་སྲོག་ཆགས་ཀྱིས་གནོད་འཚེ་བཏང་བའི་འགན་འཁྲི་ཚུད་པའི་སྲིད་ཇུས་རང་བཞིན་གྱི་ཞིང་ལས་འགན་བཅོལ་སྒྱུར་བཅོས་ཀྱི་བསམ་ཕྱོགས་དངོས་སུ་གྲུབ་པ་དང་འབྲེལ། ནག་ཆུ་གྲོང་ཁྱེར་གྱི་2026ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་འཁོད་ཡོད།

    ཡིན་ནའང་སྒྱུར་བཅོས་ཀྱི་ལམ་བུར་དཀའ་གནད་མི་ཉུང་བ་ཞིག་འཕྲད་ཡོད། ད་ལོའི་ཟླ་3པར་ནག་ཆུ་གྲོང་ཁྱེར་གྱིས་སྲིད་ཇུས་རང་བཞིན་གྱི་ཞིང་ལས་འགན་བཅོལ་ཡོངས་བསྒྲགས་གདམ་གསེས་བྱེད་འགོ་བཙུགས་ཤིང་། འོས་སྐུལ་གསལ་བསྒྲགས་མ་བྱས་གོང་གི་ཉིན་ཤས་གོང་འགན་བཅོལ་ཀུང་སིས“རི་སྐྱེས་སྲོག་ཆགས་ཀྱིས་གནོད་འཚེ་བཏང་བར་ཁ་གསབ་སྤྲོད་པའི་འགན་འཁྲི”དེ་ད་ལྟ་ལག་བསྟར་བྱེད་བཞིན་པའི་ཐོ་འགོད་སྙན་སེང་གི་ཐོན་རྫས་དང་མ་འཚམ་པ་མ་ཟད། 3%གྱི་འགན་བཅོལ་འགྲོ་གྲོན་གྱི་ཚད་གཞི་དེ་ནང་སའི་5%ནས་6.5%བར་གྱི་ཆུ་ཚད་ལས་དམའ་བས་ཉེན་ཁའི་མ་གནས་ལ་ཁྱབ་དཀའ་བར་བརྟེན་འོས་སྐུལ་འགྲན་རྩོད་བྱེད་མཚམས་བཞག་པ་རེད།

    དཀའ་ངལ་གང་འདྲ་ཞིག་འཕྲད་ཀྱང་ནག་ཆུ་གྲོང་ཁྱེར་གྱིས་ཕྱིར་བཤོལ་གཏན་ནས་བྱས་མེད། དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་ཚར་རྗེས། གྲོང་ཁྱེར་སྲིད་གཞུང་གིས་ནོར་སྲིད་ཅུས་ལ་འབྲེལ་གཏུག་ཚོགས་ཆུང་བཙུགས་ནས་ལྷ་སར་བསྐྱོད་དེ་རང་སྐྱོང་ལྗོངས་ནོར་སྲིད་ཐིང་དང་། ཞིང་ལས་གྲོང་གསེབ་ཐིང་། དངུལ་རྩ་གཞུང་ལས་ཁང་སོགས་སྡེ་ཚན་དང་གྲོས་མོལ་ཡང་ཡང་བྱ་རྒྱུ་མངགས་པ་རེད།

    ཟླ་གཅིག་ལྷག་ཙམ་རིང་ཕྱོགས་མང་མཉམ་འགུལ་དང་གྲོས་མོལ་ཡང་ཡང་བྱས་པ་བརྒྱུད་སྒྱུར་བཅོས་ལ་གཞི་ནས་འགྱུར་ལྡོག་བྱུང་བ་སྟེ། ད་ཡོད་ཀྱི་འགན་བཅོལ་ཐོན་རྫས་རྨང་གཞིར་བྱས་ནས་འབྲོག་པའི་མིག་སྔའི་ཁེ་དབང་འགན་ལེན་བྱེད་པ་དང་ཆབས་ཅིག རི་སྐྱེས་སྲོག་ཆགས་ཀྱིས་གནོད་འཚེ་བཏང་བར་ཁ་གསབ་སྤྲོད་པའི་འགན་འཁྲི་མཉམ་འདྲེས་ཀྱི་ཐོན་རྫས་གསར་པ་མགྱོགས་མྱུར་ཐོ་འགོད་བྱ་རྒྱུར་སྐུལ་འདེད་བཏང་ཡོད། ལོ་མཇུག་ཏུ་གནས་ཚུལ་དངོས་ལ་གཞིགས་ནས་ཕྱོགས་གཉིས་ཀྱིས་གྲོས་བསྡུར་བྱས་ཏེ་ཉེན་ཁ་མཉམ་འཁུར་བྱ་རྒྱུའི་ཁས་བླངས་པ་རེད།

    ཟླ་4ཚེས་30ཉིན། ནག་ཆུ་གྲོང་ཁྱེར་གྱི་སྲིད་ཇུས་རང་བཞིན་གྱི་ཞིང་ལས་འགན་བཅོལ་ཡོངས་བསྒྲགས་གདམ་གསེས་ཐེངས་གཉིས་པའི་འོས་སྐུལ་བདེ་བླག་ངང་ལེགས་གྲུབ་བྱུང་ནས་སྒྱུར་བཅོས་ཇུས་གཞི་དངོས་སུ་དོན་འཁྱོལ་བྱུང་ཡོད།

    ནག་ཆུ་གྲོང་ཁྱེར་ནོར་སྲིད་སྡེ་ཚན་གྱིས་ངོས་འཛིན་བྱས་དོན། ད་ཐེངས་ཀྱི་འགན་བཅོལ་སྒྱུར་བཅོས་ནི“མང་ཁེའི”འཚོལ་ཞིབ་ཅིག་རེད། འབྲོག་པའི་ངོས་ནས་བརྗོད་ན་འགན་ལེན་དེ་བས་ཕྱོགས་ཡོངས་ལ་ཁྱབ་ཡོད། འགན་བཅོལ་སྒྲིག་གཞིའི་ངོས་ནས་བརྗོད་ན་ཉེན་ཁ་ལུགས་མཐུན་ངང་མཉམ་འཁུར་བྱས་པ་བརྒྱུད་གཉེར་སྐྱོང་གི་གནོན་ཤུགས་ཆུང་དུ་ཕྱིན་ཡོད། སྐྱེ་ཁམས་ཁོར་ཡུག་གི་ངོས་ནས་བརྗོད་ན་འབྲོག་པའི་གྱོང་གུན་ལ་འགན་ལེན་ཐུབ་པས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ནང་དེ་བས་ཞུགས་འདོད་ཆེ་རུ་ཕྱིན་ཡོད་པ་རེད།

    “ཁ་གསབ་ཧེ་བག་ལྡབ་གཅིག”ནས“འགན་བཅོལ་དང་འགན་འཁྲི་གཞི་གཅིག་ཅན”བར། ནག་ཆུ་གྲོང་ཁྱེར་གྱིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་ཏེ། འབྲོག་པ་ཚང་མར་སྒྱུར་བཅོས་ཀྱི་ཕན་པ་དངོས་སུ་ཐོབ་པར་བྱས་ནས་བོད་བྱང་ཐང་ས་མཐོའི་གྲོང་གསེབ་དར་རྒྱས་ཆེད་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ལྷག་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།