ཞི་ཅིན་ཕིང་གིས་ཕ་ཁི་སི་ཐན་གྱི་ཙུང་ལི་ཞ་པ་ཙི་དང་མཇལ་འཛོམས་གནང་བ།

ཟླ་5ཚེས་25ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་ཕ་ཁི་སི་ཐན་གྱི་ཙུང་ལི་ཞ་པ་ཙི་དང་མཇལ་འཛོམས་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་25ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་ཕ་ཁི་སི་ཐན་གྱི་ཙུང་ལི་ཞ་པ་ཙི་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་ཕ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་75སོང་རིང་། རྒྱལ་ཁབ་གཉིས་པོས་ཕན་ཚུན་བསམ་ཤེས་དང་། ཕན་ཚུན་ཡིད་ཆེས། ཕན་ཚུན་རྒྱབ་སྐྱོར་བཅས་བྱས་ཏེ། གཞོམ་ཞིག་མེད་པའི་སྲོལ་རྒྱུན་མཛའ་གྲོགས་ཀྱི་རྒྱུན་བསྐྱངས་ནས་ཕྱོགས་གཉིས་པོའི་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་དང་དངོས་སྒྲུབ་མཉམ་ལས་བྱས་ནས་རང་སོ་སོའི་རྒྱལ་ཁབ་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་ཕའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ་མཐའ་འཁོར་ཕྱི་འབྲེལ་གྱི་སྔོན་འགྲོའི་ཁ་ཕྱོགས་སུ་བཞག་ཡོད། མི་རིང་བའི་གོང་། ང་ལ་ཐེན་ཅིན་སློབ་ཆེན་ཕ་ཁི་སི་ཐན་གྱི་ཕྱི་སྦྱོང་སློབ་མའི་ཡི་གེ་ཞིག་འབྱོར་བྱུང་། སློབ་གྲོགས་ཚོས་བློ་ཐག་ཆོད་པོས་ཀྲུང་ཕའི་མཉམ་ལས་ཀྱི་འཛུགས་སྐྲུན་པ་དང་། སྤེལ་རེས་ཀྱི་ཁྱབ་སྤེལ་བ། མཛའ་གྲོགས་ཀྱི་སྲུང་སྐྱོང་བ་བཅས་བྱེད་ཀྱི་ཡིན་ཞེས་བརྗོད་འདུག རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་བྱ་གཞག་གི་རྒྱུན་འཛིན་པ་ཡོད་པ་མཐོང་སྐབས་ང་ཧ་ཅང་དགའ་པོ་བྱུང་། ཕྱོཌ་གཉིས་པོས་དུས་རབས་གསར་པར་དེ་བས་དམ་ཟབ་ཀྱི་ཀྲུང་ཕའི་ལས་དབང་གཅིག་མཐུན་ཚོགས་པ་མགྱོགས་མྱུར་བཙུགས་ཏེ། རྒྱལ་ཁབ་གཉིས་པོའི་དུས་དང་རྣམ་པ་ཀུན་གྱི་མཉམ་ལས་ལ་གྲུབ་འབྲས་དེ་བས་མང་བ་ཐོབ་པ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་ལེགས་པའི་བདེ་རྩ་བསྐྲུན་ནས་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་བ་དང་མཐའ་འཁོར་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་ཆེད་རང་དཔེ་གཞན་སྟོན་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་ཕྱོགས་ལ་རང་བཙན་དང་། བདག་དབང་། མངའ་ཁོངས་ཆ་ཚང་བཅས་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡོད་ལ། ཕ་ཁི་སི་ཐན་ཕྱོགས་དང་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་དང་འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཡང་དག་འཕེལ་རྒྱས་ཀྱི་ཁ་ཕྱོགས་སྟངས་འཛིན་བྱེད་འདོད་ཡོད། ཕྱོགས་གཉིས་པོས་ཀྲུང་ཕའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་བྱ་སྤྱོད་འཆར་གཞིར་སྐུལ་འདེད་ཏན་ཏིག་བཏང་ནས། མཚོན་རྟགས་རང་བཞིན་གྱི་འདུ་འགོད་གལ་ཆེན་དང་ཆུང་ལ་ལེགས་པའི་དམངས་འཚོའི་རྣམ་གྲངས་འཛུགས་སྐྲུན་ལ་སྤྱི་འདོམས་བྱས་ཏེ། ཞིང་ལས་དང་། ཐོན་ལས། མི་ཐབས་རིག་ནུས། ཤེས་ལྡན་པ་གསོ་སྐྱོང་སོགས་ཕྱོགས་ཡོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། ཕྱོགས་གཉིས་པོས་ཆུ་ཚད་དེ་བས་མཐོ་བ་དང་ཁྱབ་ཁོངས་དེ་བས་ཆེ་བའི་བདེ་འཇགས་མཉམ་ལས་བྱས་ཏེ་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས། ཕ་ཁི་སི་ཐན་ཕྱོགས་ཀྱིས་རང་འགུལ་ངང་འགན་ཁུར་ནས་དབུས་ཤར་ས་ཁུལ་གྱི་ཞི་བདེ་སླར་གསོ་ཡོང་ཆེད་བར་འདུམ་གྱི་ནུས་པ་བཏོན་པར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས་མུ་མཐུད་འབྲེལ་གཏུག་དང་མཐུན་སྦྱོར་དམ་ཟབ་རྒྱུན་འཁྱོངས་བྱས་ཏེ་ཕྱོགས་རྐྱང་རིང་ལུགས་དང་འཇམ་འཐབ་ཀྱི་བསམ་བློར་ཐུན་མོང་ཐོག་ངོ་རྒོལ་བྱེད་པ་དང་། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས།
ཞ་པ་ཙི་ཡིས་གསུངས་དོན། ཀྲུའུ་ཞི་ཞི་ཅིན་ཕིང་ནི་ཕ་ཁི་སི་ཐན་མི་དམངས་ཀྱི་རླབས་ཆེན་གྱི་གྲོགས་པོ་ཞིག་དང་། འཛམ་གླིང་ཐོག་ཞི་བདེར་དགའ་བའི་མི་དམངས་ཡོངས་ཀྱི་རླབས་ཆེན་གྱི་གྲོགས་པོ་ཞིག་ཀྱང་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་གོའི་དཔལ་འབྱོར་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་ཆེན་པོ་བྱེད་པའི་གྲུབ་འབྲས་ཐོབ་པ་དང་། འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་སྣེ་མང་ཅན་གྱི་འཛམ་གླིང་སྐྲུན་པར་འགན་ལེན་བརྟན་པོ་བྱས་ཡོད། ཕ་ཀྲུང་རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་བློས་ཐུབ་ནི་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པ་རྒན་རབས་ཚོས་དངོས་སུ་བཏོད་པ་དང་། ལོ་རྒྱུས་ཡུན་རིང་ལྡན་ལ་འགྲན་ཟླ་བྲལ་བ་ཞིག་ཡོད། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་ནས་ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཚང་མའི་ཐད་ཀྲུང་གོའི་ལངས་ཕྱོགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ཏེ། ནམ་ཡང་ཀྲུང་གོའི་གྲོགས་པོ་ཡག་པོ་དང་རོགས་ཟླ་ཡག་པོ་བྱེད་ཀྱི་ཡིན། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱི་འབྲེལ་བཙུགས་ནས་ལོ་ངོ་75འཁོར་བར་རྟེན་འབྲེལ་ཞུ་བ་དང་། ཀྲུང་གོའི་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་ལ་སློབ་སྦྱོང་བྱེད་པ། “རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་གཏིང་ཟབ་དུ་གཏོང་བ། ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་སྐྲུན་པར་སྐུལ་འདེད་གཏོང་བ། ཀྲུང་ཕའི་འབྲེལ་བ་རྒྱུན་མཐུན་ལེགས་སུ་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་སྐྲུན་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་ཕྱོགས་ལ་ཨ་རི་དང་དབྱི་རན་དབར་གྱི་བར་འདུམ་གྲོས་མོལ་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་གི་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུས་ཤར་གྱི་དུས་བབ་ཐད་བཏོན་པའི་བཞེད་དོན་ཁག་བཞི་ནི་ཞི་བདེ་མངོན་འགྱུར་གྱི་མཛུབ་སྟོན་རང་བཞིན་གྱི་ཇུས་གཞི་ཞིག་རེད། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཐུན་སྦྱོར་དམ་ཟབ་བྱས་ཏེ་འཛམ་གླིང་ཞི་བདེ་བརྟན་ལྷིང་ལ་སྐུལ་འདེད་གཏོང་ཆེད་མཉམ་དུ་ལེགས་སྐྱེས་འབུལ་འདོད་ཡོད།
ཝང་དབྱི་མཇལ་འཛོམས་ལ་ཞུགས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།