ལྷ་གྲུ་ཨང་ཉེར་གསུམ་པའི་མི་བཞུགས་འཕུར་གྲུ་འཕེན་གཏོང་ལེགས་གྲུབ་བྱུང་བ།
རང་རྒྱལ་གྱི་འཇིག་རྟེན་འཕུར་སྐྱོད་པ་30དང་མི་ཐེངས་47གྱིས་བར་སྣང་དུ་བསྐྱོད་ནས་འཕུར་སྐྱོད་ལས་འགན་ལེགས་གྲུབ་བྱས་པ།

འདི་ནི་ཟླ་5ཚེས་24ཉིན། ལྷ་གྲུ་ཨང་ཉེར་གསུམ་པའི་མི་བཞུགས་འཕུར་གྲུ་བླུགས་པའི་རྒྱང་སྐྱོད་ཨང་གཉིས་པའི་རྒྱང་ཚོར་Fསྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཉེར་གསུམ་པ་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་འཕེན་གཏོང་བྱེད་བཞིན་པ།
ཀྲུང་གོ་མི་བཞུགས་འཇིག་རྟེན་འཕུར་སྐྱོད་འདུ་འགོད་གཞུང་དོན་་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། པེ་ཅིང་གི་དུས་ཚོད་ཟླ་5ཚེས་24ཉིན་གྱི་ཆུ་ཚོད་23དང་སྐར་མ་08ལ། ལྷ་གྲུ་ཨང་ཉེར་གསུམ་པའི་མི་བཞུགས་འཕུར་གྲུ་བླུགས་པའི་རྒྱང་སྐྱོད་ཨང་གཉིས་པའི་རྒྱང་ཚོར་Fསྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཉེར་གསུམ་པ་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་འཕེན་གཏོང་བྱས་ཏེ་སྐར་མ་བཅུ་ཙམ་སོང་རྗེས། འཕུར་གྲུ་དང་མེ་ཤུགས་འཕུར་མདའ་བདེ་བླག་ངང་ཁ་བྲལ་ནས་འཆར་གཞི་ལྟར་སྔོན་གཏན་འཁེལ་བའི་འཁོར་ལམ་དུ་སླེབས་པ་མ་ཟད། འཇིག་རྟེན་འཕུར་སྐྱོད་པའི་ཚོ་ཆུང་གི་གཟུགས་གཞིའི་གནས་ཚུལ་ལེགས་པ་དང་འཕེན་གཏོང་ཡང་ལེགས་གྲུབ་བྱུང་ཡོད་པ་རེད།
འཕུར་གྲུ་འཁོར་ལམ་དུ་སླེབས་རྗེས་སྔོན་གཏན་འཁེལ་བའི་གོ་རིམ་ལྟར་བར་སྣང་ས་ཚིགས་ཀྱི་སྡེབ་སྒྲིག་ཕུང་པོ་དང་རང་བརྟེན་ངང་མགྱོགས་མྱུར་སྦྲེལ་མཐུད་བྱ་རྒྱུ་དང་། ལྷ་གྲུ་ཨང་ཉེར་གསུམ་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོ་ཆུང་གིས་ལྷ་གྲུ་ཨང་ཉེར་གཅིག་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོ་ཆུང་དང་འཁོར་ལམ་ཐོག་བརྗེ་རེས་བྱ་རྒྱུ་རེད། བར་སྣང་ས་ཚིགས་སུ་སྡོད་རིང་ལྷ་གྲུ་ཨང་ཉེར་གསུམ་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོ་ཆུང་གིས་བར་སྣང་ཚེ་སྲོག་དང་མི་གཟུགས་ཞིབ་འཇུག་དང་། ལྗིད་ཤུགས་ཕྲ་མོའི་དངོས་ཁམས་ཚན་རིག བར་མཐོངས་ཀྱི་ལག་རྩལ་གསར་པ་སོགས་ཁྱབ་ཁོངས་སུ་ཚོད་ལྟ་འབོར་ཆེན་བྱས་ཏེ་གྲུ་ཚང་ནས་དོན་པའི་བྱེད་སྒོ་ཐེངས་མང་སྤེལ་ནས། གྲུ་ཚང་ཕྱི་ནང་གི་སྒྲིག་ཆས་སྒྲིག་སྦྱོར་དང་། ཚོད་ལྟ་སྙོམས་སྒྲིག སྲུང་སྐྱོང་ཉམས་བཟོ་སོགས་ཀྱི་ལས་འགན་ཁག་ལེགས་སྒྲུབ་བྱ་རྒྱུ་རེད།
ད་ཐེངས་ཀྱི་ལས་འགན་ནི་རང་རྒྱལ་གྱི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་འདུ་འགོད་དེ་ཉིད་བར་སྣང་ས་ཚིགས་དང་འཕེལ་རྒྱས་དུས་མཚམས་སུ་སླེབས་པའི་མི་བཞུགས་འཕུར་སྐྱོད་ལས་འགན་ཐེངས་བདུན་པ་དེ་རེད་ལ། འདུ་འགོད་རྣམ་གྲངས་བཙུགས་ནས་ལག་ལེན་བསྟར་ཚུན་གྱི་འཕེན་གཏོང་ལས་འགན་ཐེངས་བཞི་བཅུ་པ་དེ་ཡང་རེད། མིག་སྔའི་བར་འཇིག་རྟེན་འཕུར་སྐྱོད་པ་30དང་མི་ཐེངས་47གྱིས་བར་སྣང་དུ་བསྐྱོད་ནས་འཕུར་སྐྱོད་ལས་འགན་ལེགས་གྲུབ་བྱས་ཡོད། ད་ཐེངས་ཀྱི་ལས་འགན་ནི་རྒྱང་སྐྱོད་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་རབ་དང་རིམ་པའི་འཕུར་སྐྱོད་ལས་འགན་སྒྲུབ་ཐེངས་644དང་ལྷ་གྲུའི་འཕུར་གྲུའི་ལས་འགན་སྒྲུབ་ཐེངས་ཉེར་གསུམ་པ་དེ་ཡང་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།