ཝུའུ་ཆི་ཆིས་གསུངས་དོན།
ད་ཐེངས་ཀྲུང་གོར་འཚམས་འདྲི་བྱས་པ་ནི་ངས་ཆབ་སྲིད་དོན་གཉེར་བྱེད་རིང་གི་འཚམས་འདྲི་གལ་ཆེན་ཞིག་ཡིན།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པེར་ཀེ་ལའེ་ཏེ་ནས་ཟླ་5ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན། སེར་པི་ཡའི་ཙུང་ཐུང་ཝུའུ་ཆི་ཆི་པེ་ཅིང་དུ་འབྱོར་ནས་ཀྲུང་གོར་དུས་ཡུན་ཉིན་5ཡི་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་ཤིང་། ཁོང་གིས་ཉིན་དེར་འབྲེལ་ལམ་སྨྱན་སྦྱོར་ཐོག་རྩོམ་ཡིག་སྤེལ་ནས“ང་རང་འགན་འཁྲི་ཁུར་སེམས་ཆེན་པོ་དང་གུས་བཀུར་ཟབ་མོ་འཆང་བཞིན་པེ་ཅིང་དུ་འབྱོར། ད་ཐེངས་ངས་སེར་པི་ཡའི་ཚབ་ཞུས་ནས་འཚམས་འདྲི་བྱས་པ་དེ་ནི་ངས་ཆབ་སྲིད་དོན་གཉེར་བྱེད་རིང་གི་འཚམས་འདྲི་གལ་ཆེན་ཞིག་ཡིན་པ་སྨོས་མེད་རེད”ཅེས་གསུངས།
ཝུའུ་ཆི་ཆིས“རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་མཛའ་གྲོགས་དེ་དཀའ་ཚེགས་ཆེ་བའི་ལོ་ཟླའི་ནང་ར་སྤྲོད་བྱུང་ཡོད། ད་ཆ་ང་ཚོས་ཐུན་མོང་ཐོག་བརྟན་ལྷིང་དང་། འཕེལ་རྒྱས། ཡུན་རིང་བདེ་འཇགས་བཅས་ཀྱི་འབྲེལ་བ་འཛུགས་བཞིན་ཡོད། ད་ཐེངས་ཀྱི་འཚམས་འདྲི་ལས་སེར་པི་ཡ་དང་ཀྲུང་གོའི་དབར་གྱི་འབྲེལ་བར་སྔར་བས་ཤུགས་སྣོན་ཐེབས་ཏེ། རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་ལེའུ་གསར་པ་ཞིག་བརྩམས་པ་མ་ཟད། འབྱུང་འགྱུར་ལ་ཤུཌ་རྐྱེན་ཟབ་མོ་ཡང་ཐེབས་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་གསུངས།
ཀྲུང་གོར་འཚམས་འདྲིར་མ་ཡོང་གོང་། ཝུའུ་ཆི་ཆིས་འབྲེལ་ལམ་སྨྱན་སྦྱོར་ཐོག་རྩོམ་ཡིག་སྤེལ་ནས“ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་སླར་ཡང་ཐུག་འཕྲད་ཡོང་བའི་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་ཡུན་རིང་པོའི་ནང་སེར་པི་ཡའི་རྒྱལ་ཁབ་དང་མི་དམངས་ལ་བསྒྲུབས་པའི་བྱ་བ་མཐའ་དག་ངས་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ཡོད་པ་མ་ཟད། སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་གསུངས།
ཝུའུ་ཆི་ཆིས། ངས་ཀྲུང་གོར་འཚམས་འདྲི་བྱེད་རིང་གི་གྲོས་མོལ་དང་འཚམས་འདྲིའི་བྱེད་སྒོར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། སེར་པི་ཡའི་ངོས་ནས་བརྗོད་ན། ད་ཐེངས་ཀྱི་འཚམས་འདྲིར་སྔོན་དཔག་བྱེད་དཀའ་བའི་དོན་སྙིང་གལ་ཆེན་ལྡན་ཡོད། སེར་ཀྲུང་རྒྱལ་ཁབ་གཉིས་པོས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་བཟོ་ལས་རྣམ་གྲངས་སོགས་ཀྱི་ཁྱབ་ཁོངས་ཐད་མཉམ་ལས་རྒྱ་ཁྱབ་བྱས་པ་དང་། ཕྱོགས་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་བསམ་ཤེས་དང་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱས་པ་ཚང་མ་ནི་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱིས“དུས་ཚོད་དང་གོ་ལ་ཧྲིལ་པོའི་འགྲན་སློང་ཆེན་པོའི་ཚོད་བགམ་ཐེག་ཐུབ་པའི”གསོན་ཉམས་དོད་པའི་དཔེ་མཚོན་ཞིག་རེད་ཅེས་གསུངས།
ཝུའུ་ཆི་ཆིས། ཀྲུང་གོ་ནི་དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་ཚད་ཤིང་ཞིག་ཡིན་པ་མ་ཟད། རྒྱལ་སྤྱིའི་འབྲེལ་བའི་ཚད་གཞིར་བརྩི་སྲུང་ནན་པོ་ཞུས་པའི་དཔེ་མཚོན་ཞིག་དེ་བས་ཀྱང་རེད། “ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱི་ལངས་ཕྱོགས་དང་། བློ་རིག་ལྡན་པའི་སྲིད་ཇུས། ཀུན་གྱིས་ཁས་བླངས་པའི་རྒྱལ་སྤྱིའི་སྙན་གྲཌ་བཅས་ལ་བརྟེན་ནས་འཛམ་གླིང་ཞི་བདེ་དང་། བརྟན་ལྷིང་། མཉམ་ལས་བཅས་ལ་སྐུལ་འདེད་གཏོང་ཆེད་འབད་བརྩོན་ཧུར་ཐག་བྱས་ཡོད། དེ་ནི་དེང་སྐབས་ཀྱི་རྒྱལ་སྤྱིའི་སྤྱི་ཚོགས་ལ་སྔོན་ཆད་ཀྱི་དུས་སྐབས་གང་ཞིག་ལས་ཀྱང་མཁོ་ཆེ་བ་ཡོད”ཅེས་གསུངས།
འབྲེལ་ཡོད་གསར་འགྱུར།