“ཀྲུང་གོས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བའི་ལག་ལེན་ལ་སློབ་སྦྱོང་བྱེད་རིན་འདུག”
ཨེ་ཙེ་ཨོ་ཕི་ཡའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ཅུས་ཀྱི་མཐོ་རིམ་ཞིབ་འཇུག་པ་ས་ལ་མོར་བཅར་འདྲི་ཞུས་པ།
“ཀྲུང་གོ་སྲིད་གཞུང་གིས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོང་མཐུན་སྦྱོར་གཅིག་གྱུར་གྱི་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱེད་ཀྱི་ཡོད”ཅེས་ཨེ་ཙེ་ཨོ་ཕི་ཡའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ཅུས་ཀྱི་མཐོ་རིམ་ཞིབ་འཇུག་པ་མེ་ལའེ་སའེ·ས་ལ་མོ་ཡིས་ཉིན་ཤས་གོང་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་བརྗོད་པ་དང་། ཁོང་གིས“དོམ་ཁྲ་དང་བྱ་ཀྲུའུ་ཧོན་སོགས་རྩ་ཆེན་སྲོག་ཆགས་སྲུང་སྐྱོང་སླར་གསོ་གང་ལེགས་ཐུབ་ནས་ཐུན་མོང་མ་ཡིན་པའི་བློ་གྲོས་མངོན་པར་བྱས་ཏེ་འཛམ་གླིང་ལ་གྲུབ་འབྲས་ཐོབ་པའི་དཔེ་མཚོན་མཁོ་འདོན་བྱས་ཡོད”ཅེས་བརྗོད་པ་རེད།
ཉེ་ཆར། ས་ལ་མོ་ཀྲུང་གོར་ཀྲུང་གོའི་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་དོ་དམ་ལས་བྱེད་པའི་སློབ་གླིང་གིས་སྒྲུབ་འགན་ཁུར་བའི“ཐཱན་གཉིས”རྒྱབ་ལྗོངས་འོག་གི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་ཁབ་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ཟབ་སྦྱོང་འཛིན་གྲྭར་ཞུགས་པ་རེད། ས་ལ་མོ་ཡིས་ད་ཐེངས་ཟབ་སྦྱོང་བྱས་པ་བརྒྱུད་ངས་ཀྲུང་གོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ལག་ལེན་ལ་ངོས་འཛིན་དེ་བས་ཆ་ཚང་བ་བྱུང་། “ཀྲུང་གོའི་ལག་ལེན་ཁྲོད་ཀྱི་ཐུན་མོང་མ་ཡིན་པའི་ཆ་ནི་ཚན་རིག་དང་མཐུན་པའི་ཐབས་ཇུས་དང་ལག་ལེན་ཟུང་འབྲེལ་དམ་ཟབ་བྱས་པ་དེ་རེད་འདུག”ཅེས་བརྗོད་པ་རེད།
ས་ལ་མོ་ཡིས《འཛམ་གླིང་གི་རང་བྱུང་སྲུང་སྐྱོང་མནའ་འབྲེལ་གྱི་སྟོངས་ལ་ཉེ་བའི་སྲོག་ཆགས་ཀྱི་མིང་གཞུང་དམར་པོའི》ནང་དོམ་ཁྲར་འཇིགས་ཉེན་ཐེབས་ཚད་དེ“སྟོངས་ལ་ཉེ་བ”ནས“ཉེན་ཁ་ཆུང་བར”གྱུར་པ་དེ་ལས་ཀྲུང་གོས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་བཏང་བའི་གྲུབ་འབྲས་ར་སྤྲོད་ཐུབ་ཡོད་ཅེས་དཔེ་དྲངས་ནས་བརྗོད། ས་ལ་མོ་ཡིས་ཀྲུང་གོས་ད་དུང་རི་སྐྱེས་སྲོག་ཆགས་ལ་ལྟ་ཞིབ་ཚད་ལེན་དང་སྲུང་སྐྱོང་བྱེད་པའི་ཁྲོད་ལག་རྩལ་གྱི་བྱ་ཐབས་སྣ་ཚོགས་སྤྱད་དེ་དོམ་ཁྲ་གསོ་སྤེལ་བྱེད་པའམ་རང་བྱུང་ཁམས་སུ་གློད་པའི་ལས་དོན་ཚང་མར་ཀྲུང་གོ་སྲིད་གཞུང་དང་ཚན་རིག་ལས་རིགས་རྒྱ་ཁྱབ་ངང་ཞུགས་ཡོད་པ་ཤེས་རྟོགས་བྱུང་བ་རེད།
ཀྲུང་གོས་དོམ་ཁྲའི་རྒྱལ་ཁབ་སྤྱི་གླིང་བཙུགས་པ་དང་རང་བྱུང་སྲུང་སྐྱོང་ཁུལ་བཅུ་གྲངས་ཟླ་སྒྲིལ་བཏང་ཡོད། ས་ལ་མོ་ཡིས“རྒྱལ་ཁབ་ཀྱིས་གཙོ་ཁྲིད་དང་སྤྱི་ཡོངས་ལ་སྤྱི་འདོམས་བྱེད་པའི་བརྒྱུད་རིམ་ལྡན་པའི་སྲུང་སྐྱོང་བྱ་སྤྱོད་དེས་དོམ་ཁྲའི་ས་ཁོངས་ཀྱི་ཁྱུ་ཚོགས་འཚོ་སྡོད་ཁུལ་གྱི་འབྲེལ་མཐུད་རང་བཞིན་ཆེ་རུ་ཕྱིན་པ་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་རྒྱ་ཁྱབ་ཞུགས་པར་སྐུལ་འདེད་ནུས་ལྡན་ཐེབས་ཡོད”ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་མ་ལག་འཛུགས་སྐྱོང་ཡང་སྐྱེ་ཁམས་མ་ལག་སྲུང་སྐྱོང་གལ་ཆེན་གཞན་དག་བར་རྒྱ་སྐྱེད་བྱུང་ཡོད། ཀྲུང་གོས་ད་དུང་རྒྱལ་ཁབ་སྤྱི་གླིང་གི་བཅའ་ཁྲིམས་བཏོན་པ་ལས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་སྐྱོང་ཁྲིམས་སྐྱོང་ཅན་དང་ཚད་ལྡན་ཅན་གྱི་དུས་མཚམས་གསར་པར་སླེབས་པ་མཚོན་ཡོད། “ཀྲུང་གོས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བའི་ལག་ལེན་ལ་སློབ་སྦྱོང་བྱེད་རིན་འདུག”ཅེས་བརྗོད་པ་རེད།
ཨེ་ཙེ་ཨོ་ཕི་ཡའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ཅུས་ཀྱིས་རྒྱལ་ཁབ་དེའི་སྲུང་སྐྱོང་ཁུལ་87གྱི་སྤྱི་འདོམས་དོ་དམ་ལས་དོན་གྱི་འགན་འཁུར་བ་དང་ཨེ་ཙེ་ཨོ་ཕི་ཡའི་སྤྱང་ཀི་དང་ཤིས་མེའི་གཉན་སོགས་དམིགས་བསལ་སྲོག་ཆགས་ལ་གཙོ་གནད་སྲུང་སྐྱོང་བྱེད་ཀྱི་ཡོད། ས་ལ་མོ་ཡིས་ཨེ་ཙེ་ཨོ་ཕི་ཡའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ཅུས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་ལས་ཟམ་མི་ཆད་པར་ཆེ་རུ་བཏང་བའི་ཁྲོད་ཀྲུང་གོའི་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་མི་སྣ་ཕན་ཚུན་འཚམས་འདྲི་དང་ཕྱོགས་གཉིས་དབར་གྱི་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་ཤེས་ལྡན་པའི་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ་ཁྲིམས་དང་མི་མཐུན་པར་བ་སོ་ཉོ་ཚོང་བྱེད་པར་ཐུན་མོང་ཐོག་རྡུང་རྡེག་གཏོང་བ་སོགས་ཚུད་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
ས་ལ་མོ་ཡིས་ཧྥེ་ཀྲུང་ཕྱོགས་གཉིས་པོས་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཞིབ་འཇུག་དང་། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་། རྒྱ་མཚོའི་སྐྱེ་ཁམས་སྲུང་སྐྱོང་། ནགས་རྩྭ་དང་ཐང་རྒོད་ཅན་འགོག་བཅོས། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་ཐད་མཉམ་ལས་རབ་དང་རིམ་པ་བྱས་པས་མི་དམངས་དབར་གྱི་མཛའ་བརྩེ་ཟབ་ཏུ་ཕྱིན་པ་མ་ཟད། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱིས་ལག་གདང་སྦྲེལ་ནས་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་ཞིབ་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཏུའང་གྱུར་ཡོད་ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།