མོང་ཁྲེ་ནེ་ཀེ་རུ་དང་ཀྲུང་གོའི་དབར་གྱི་མཉམ་ལས་ཟབ་ཏུ་བཏང་ནས་ཐུན་མོང་ཐོག་དར་རྒྱས་ཀྱི་རྣམ་པ་གསར་པ་ཞིག་གཏོད་དགོས།
སྨིར་ས་ཏེ་·ནུར་ཁོ་ཝེ་ཆི།

སྨིར་ས་ཏེ་·ནུར་ཁོ་ཝེ་ཆི།
འཕོ་འགྱུར་ཆེ་བའི་རྒྱལ་སྤྱིའི་གནས་བབ་ཁྲོད། མོང་ཁྲེ་ནེ་ཀེ་རུ་དང་ཀྲུང་གོའི་དབར་གྱི་འདྲ་མཉམ་གཉིས་ཕན་དང་ལྟ་རེས་སྐྱོང་རེས་ཀྱི་རོགས་ཟླའི་འབྲེལ་བ་ནི་རྒྱལ་སྤྱིའི་སྒྲིག་ལམ་དེ་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་དགེ་མཚན་ལྡན་པའི་སྟོབས་ཤུགས་གལ་ཆེན་ཞིག་རེད།
མིག་སྔར། འཛམ་གླིང་ལ་འཕོ་འགྱུར་ཟབ་མོ་བྱུང་དང་འབྱུང་བཞིན་ཡོད་པ་དང་། ཚན་རྩལ་འཕེལ་རྒྱས་ཀྱི་མྱུར་ཚད་མགྱོགས་སུ་འགྲོ་བ་དང་མཉམ་དུ་གོ་ལའི་ཁྱོན་ལ་ཁྱབ་པའི་འགྲན་སློང་སྣ་ཚོགས་ཀྱང་རིམ་པས་ཐོན་ཏེ། མིའི་རིགས་ཀྱི་འབྱུང་འགྱུར་དང་འབྲེལ་བའི་བརྗོད་གཞི་གལ་ཆེན་ཞིག་རྒྱལ་སྤྱིའི་སྤྱི་ཚོགས་ལ་འཕྲད་བཞིན་ཡོད་དེ། འབྱུང་འགྱུར་ལོ་བཅུ་ཕྲག་ཁ་ཤས་ནང་། ང་ཚོས་རྒྱལ་སྤྱིའི་སྒྲིག་གཞི་གང་འདྲ་ཞིག་འཛུགས་དགོས་པ་དང་། འཛམ་གླིང་འདི་ཉིད་ཁ་གཏད་དང་ཁ་ཕྲལ་གྱི་དཀའ་ངལ་གནས་སུ་ལྷུང་རྒྱུ་ཡིན་ནམ་ཡང་ན་སྐད་ཆ་ཤོད་རེས་དང་མཉམ་ལས་བྱས་ཏེ་ཐུན་མོང་འཕེལ་རྒྱས་ཀྱི་འོད་ཟེར་སྟོང་ལྡན་གྱི་མདུན་ལམ་ཕྱོགས་སུ་བསྐྱོད་རྒྱུ་ཡིན་པ་དེ་རེད། དུས་རབས་འདིའི་རྒྱབ་ལྗོངས་འོག མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཉིན་བཞིན་ཁས་ལེན་དང་རྒྱབ་སྐྱོར་རྒྱ་ཁྱབ་བྱེད་བཞིན་ཡོད། དེ་ལས་ཀྱང་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བའི་དུས་རབས་འདིར་འཛམ་གླིང་དང་ཁ་བྲལ་བ་དང་། ཐབས་མཁས་རང་སྲུང་། རང་ཚུགས་ངང་འཕེལ་རྒྱས་གཏོང་ཐུབ་མཁན་རྒྱལ་ཁབ་གང་ཡང་མེད་པ་ར་འཕྲོད་བྱུང་ཡོད།
མོང་ཁྲེ་ནེ་ཀེ་རུ་གྲོས་ཚོགས་ཀྱི་གྲོས་དཔོན་གཞོན་པ་དང་ཀྲུང་གོར་མཛའ་མཐུན་སྤེལ་བའི་ཚོགས་ཆུང་གི་འགན་འཁུར་བ་ཞིག་གི་ངོས་ནས། ངས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་དེ་མོང་ཁྲེ་ནེ་ཀེ་རུའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལག་ལེན་དང་ཧ་ཅང་འཚམ་པོ་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། མོང་ཁྲེ་ནེ་ཀེ་རུའི་རྒྱལ་ཁབ་ཀྱི་ས་རྒྱ་དེ་ཙམ་ཆེན་པོ་མེད་ཀྱང་། ཡུན་རིང་འཕེལ་རྒྱས་ཕྱིན་པའི་ལག་ལེན་ལས་སྒོ་དབྱེ་བསྟུན་མཁས་དང་། འདྲ་མཉམ་ངང་སྐད་ཆ་ཤོད་རེས། དངོས་སྒྲུབ་མཉམ་ལས་བཅས་བྱེད་པ་ནི་རྒྱལ་ཁབ་ཅིག་འཚོ་གནས་དང་འཕེལ་རྒྱས་ཐུབ་པའི་རྩ་བའི་ཐབས་ལམ་ཡིན་པ་ར་འཕྲོད་བྱུང་ཡོད། ཕན་ཚུན་བརྩི་འཇོག་དང་གཉིས་ཕན་མཉམ་ལས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་མཐའ་འཁྱོངས་བྱེད་པ་ནི་མོང་ཁྲེ་ནེ་ཀེ་རུའི་རྒྱལ་ཁབ་བརྟན་ལྷིང་དང་དམངས་འཚོ་དར་རྒྱས་ཡོང་བའི་རྨང་གཞི་བརྟན་པོ་ཞིག་ཡིན།
མོང་ཁྲེ་ནེ་ཀེ་རུ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བ་ནི་གཞི་ཁྱོན་མི་འདྲ་བའི་རྒྱལ་ཁབ་ཀྱིས་རང་སོའི་འཕེལ་རྒྱས་ཀྱི་ཧེ་བག་ལས་བསྒྲལ་ནས་གཉིས་ཕན་གཉིས་ཁེ་ཡོང་བའི་དཔེ་མཚོན་གསོན་ཉམས་དོད་པོ་ཞིག་རེད། 2006ལོར་མོང་ཁྲེ་ནེ་ཀེ་རུར་རང་བཙན་ཐོབ་རྗེས། ཀྲུང་གོ་ནི་མོང་ཁྲེ་ནེ་ཀེ་རུའི་བདག་དབང་གནས་བབ་ཁས་ལེན་མཁན་རྒྱལ་ཁབ་ཁག་དང་པོའི་གྲས་ཤིག་རེད། དེ་ནི་རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་སྲོལ་རྒྱུན་མཛའ་གྲོགས་ལྡན་པའི་མཚོན་ཚུལ་གསོན་ཉམས་དོད་པོ་ཞིག་ཡིན་ཞིང་། དེས་ཕྱོགས་གཉིས་པོའི་དུས་རབས་གསར་པའི་ཕྱི་འབྲེལ་མཉམ་ལས་ལ་རྨང་གཞི་བརྟན་པོ་བཏིང་ནས་མཛའ་གྲོགས་མཉམ་ལས་ཀྱི་ལེའུ་གསར་རྐྱང་ཞིག་བཏོད་ཡོད། རྒྱལ་ཁབ་གཉིས་པོས་རྒྱུན་རྣམ་ཅན་གྱི་སྒོ་ནས་རིག་གནས་སྤེལ་རེས་དང་། ཕྱི་སྦྱོང་སློབ་མ་མངགས་རེས། མཐོ་སློབ་ཀྱི་རིག་གཞུང་མཉམ་ལས་སོགས་ཀྱི་བྱེད་སྒོ་སྤེལ་ནས་ཕྱོགས་གཉིས་པོའི་དམངས་ཚོགས་དབར་ཕན་ཚུན་བསམ་ཤེས་དང་མཛའ་མཐུན་མུ་མཐུད་བརྟན་པོ་ཡོང་བར་བྱས་ཡོད་ལ། རྒྱ་ཡིག་དང་ཀྲུང་གོའི་རིག་གནས་ལ་ཞིབ་འཇུག་དང་སློབ་སྦྱོང་བྱེད་མཁན་མོང་ཁྲེ་ནེ་ཀེ་རུའི་གཞོན་ནུ་མང་པོ་ཐོན་པ་དེ་དག་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་སྲོལ་རྒྱུན་མཛའ་གྲོགས་རྒྱུན་འཛིན་དང་ཕྱོགས་གཉིས་པོའི་དབར་སྤེལ་རེས་ཟབ་ཏུ་གཏོང་བའི་འབྲེལ་ཐག་གལ་ཆེན་ཞིག་ཏུ་གྱུར་ཡོད།
མིག་སྔའི་རྒྱལ་སྤྱིའི་གནས་བབ་རྙོག་འཛིང་དང་འགྱུར་ལྡོག་ཆེ་ནའང་། ཞི་བདེ་དང་འཕེལ་རྒྱས་ནི་སྔར་བཞིན་དུས་རབས་ཀྱི་བརྗོད་བྱ་གཙོ་བོ་ཞིག་རེད། ས་ཁུལ་གྱི་གདོང་ཐུག་དང་ཉམས་ཉེན་སྣ་ཚོགས་ཡང་ཡང་ཐོན་པ་དེས་ཞི་བདེའི་གཉོད་ཆུང་རང་བཞིན་དང་རྩ་ཆེའི་རང་བཞིན་གང་ལེགས་མངོན་གྱི་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱེད་པ་དང་། རྒྱལ་སྤྱིའི་མཉམ་ལས་ཟབ་ཏུ་གཏོང་བ་དེ་སྔར་གྱི་དུས་སྐབས་གང་ཞིག་ལས་ཀྱང་མཐའ་འཁྱོངས་བྱེད་དགོས་པ་ཞིག་ཏུ་གྱུར་ཡོད། ཞི་བདེ་ཡོང་བར་རྒྱལ་ཁབ་ཁག་གིས་རང་འགུལ་ངང་བསམ་ཤེས་བྱེད་ཟབ་ཏུ་གཏོང་བ་དང་། ཧེ་བག་ལ་བསྟུན་མཁས་བྱས་ཏེ་ཕྱོགས་ཁག་གི་ལུགས་མཐུན་ཁེ་ཕན་ལ་ལྟ་རྟོག་བྱེད་པའི་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་དགོས། མོང་ཁྲེ་ནེ་ཀེ་རུ་ལ་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་དང་རྒྱལ་སྤྱིའི་སྒྲིག་ལམ་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཐད་ཉམས་མྱོང་ཟབ་མོ་ཡོད། མོང་ཁྲེ་ནེ་ཀེ་རུ་ཡིས་ཕྱོགས་མང་རིང་ལུགས་ཀྱི་འདུ་ཤེས་མཐའ་འཁྱོངས་དང་། གཉིས་ཕན་མཉམ་ལས་དང་རྒྱལ་ཁབ་ཀྱི་བདག་དབང་འདྲ་མཉམ་གྱི་ཕྱི་འབྲེལ་རྩ་དོན་མཐའ་འཁྱོངས་བྱེད་ཀྱི་ཡོད་པས། དེ་ནི་གཞུང་དྲང་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་ལམ་འཛུགས་པར་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་ཡིན་པའི་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད།
འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས། མོང་ཁྲེ་ནེ་ཀེ་རུ་ཡིས་པར་ཀན་དང་ས་དབུས་རྒྱ་མཚོའི་འབྲེལ་མཚམས་སུ་གནས་པའི་གནས་སའི་ལེགས་ཆ་གང་ལེགས་བཏོན་ནས་ས་ཁོངས་མི་འདྲ་བའི་དབར་སྦྲེལ་མཐུད་དང་སྣ་མང་ཤེས་དཔལ་མཉམ་འདྲེས་ཡོང་བའི་མཉམ་ལས་འབྲེལ་ཟམ་བཏོད་དེ། ཁྱབ་ཁོངས་ཁག་ཏུ་ཀྲུང་གོ་དང་དངོས་སྒྲུབ་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་རྒྱུ་མ་ཟད། ཕྱོགས་གཉིས་པོས་ཡུལ་སྐོར་དང་། ཚན་སློབ་གསར་གཏོད། གསར་དར་ཐོན་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བར་མཐོངས་མུ་མཐུད་རྒྱ་བསྐྱེད་དེ་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱ་རྒྱུ་རེད། མོང་ཁྲེ་ནེ་ཀེ་རུ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་ཕྱིན་པ་ལས་ཕན་ཚུན་བརྩི་འཇོག་དང་། སྐད་ཆ་ཤོད་རེས་དང་སྤེལ་རེས། འདུན་པ་མཉམ་སྤྱོད་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཚེ་རྒྱལ་སྤྱིའི་མཉམ་ལས་གཞི་ནས་བརྟན་བགྲོད་རྒྱང་འཁྱོལ་ཐུབ་རྒྱུ་ཡིན་པ་ར་འཕྲོད་གང་ལེགས་བྱུང་ཡོད། འཕོ་འགྱུར་ཆེ་བའི་རྒྱལ་སྤྱིའི་གནས་བབ་ཁྲོད། མོང་ཁྲེ་ནེ་ཀེ་རུ་དང་ཀྲུང་གོའི་དབར་གྱི་འདྲ་མཉམ་གཉིས་ཕན་དང་ལྟ་རེས་སྐྱོང་རེས་ཀྱི་རོགས་ཟླའི་འབྲེལ་བ་ནི་རྒྱལ་སྤྱིའི་སྒྲིག་ལམ་དེ་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་དགེ་མཚན་ལྡན་པའི་སྟོབས་ཤུགས་གལ་ཆེན་ཞིག་རེད།
(རྩོམ་པ་པོ་ནི་མོང་ཁྲེ་ནེ་ཀེ་རུའི་དབྱི་ཧུའེ་གྲོས་ཚོགས་ཀྱི་གྲོས་དཔོན་གཞོན་པ་དང་ཀྲུང་གོར་མཛའ་མཐུན་སྤེལ་བའི་ཚོགས་ཆུང་གི་ཙུའུ་ཀྲང་ཡིན)
འབྲེལ་ཡོད་གསར་འགྱུར།