དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧྲན་ཤིས་ཐུང་ཀྲོའུ་ཚོགས་པ་ལིའུ་ཧྲེན་ཡུས་རྡོ་སོལ་གཏེར་ཁའི་ཝ་སི་འབར་གས་ཀྱི་ལས་འཛོལ་ནང་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བ།

    ལས་འཛོལ་ཐོན་རྐྱེན་ཞིབ་ཕྲ་སྔར་བས་བརྟག་དཔྱད་བྱེད་བཞིན་ཡོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-05-26

    ཟླ་5ཚེས་23ཉིན། ཧྲན་ཤིས་ཁྲང་ཀྲི་གྲོང་ཁྱེར་ཆིན་ཡོན་རྫོང་ཧྲན་ཤིས་ཐུང་ཀྲོའུ་ཚོགས་པ་ལིའུ་ཧྲེན་ཡུས་རྡོ་སོལ་ལས་རིགས་ཚད་ཡོད་ཀུང་སིའི་ཁྲོན་འོག་ཏུ་ཝ་སི་འབར་གས་ཀྱི་ལས་འཛོལ་ཐོན་རྗེས་རོགས་སྐྱོབ་མི་སྣ་ཁྲོན་འོག་ཏུ་འཚོལ་སྐྱོབ་བྱེད་པར་སྐྱོད་རྩིས་བྱེད་བཞིན་པ།

    ཟླ་5ཚེས་22ཉིན་གྱི་ཆུ་ཚོད་19དང་སྐར་མ་29ལ་ཧྲན་ཤིས་ཁྲང་ཀྲི་གྲོང་ཁྱེར་ཆིན་ཡོན་རྫོང་ཧྲན་ཤིས་ཐུང་ཀྲོའུ་ཚོགས་པ་ལིའུ་ཧྲེན་ཡུས་རྡོ་སོལ་གཏེར་ཁར་ཝ་སི་འབར་གས་ཀྱི་ལས་འཛོལ་ཐོན་པ་རེད། གསར་འགོད་པར་ཚེས་23ཉིན་གྱི་དགོང་མོར་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཁྲོན་འོག་ཏུ་ལས་རེས་མི་གྲངས་247ཡོད་ཅིང་། ཡོངས་བསྒྲགས་ཚོགས་འདུ་མ་འཚོག་གོང་། མི་82རྐྱེན་ལམ་དུ་ཤོར་བ་དང་། ད་དུང་མི་2འབྲེལ་བ་ཆད་པ་དེ་ནུས་ཤུགས་ཡོད་རྒུས་འཚོལ་བཞིན་ཡོད་པ། གཞན་ཡང་མི་128ལ་རྨས་སྐྱོན་ཕོག་ནས་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་པ། མི་35ལ་རྨས་སྐྱོན་ཕོག་མེད་པས་ཁྱིམ་དུ་ལོག་ཡོད་པ་རེད།

    ལས་འཛོལ་ཐོན་རྗེས། ཁྲང་ཀྲི་གྲོང་ཁྱེར་གྱིས་མགྱོགས་མྱུར་གྲོང་ཁྱེར་རིམ་པའི་རྡོ་སོལ་གཏེར་ཁའི་ཐོན་སྐྱེད་བདེ་འཇགས་ལས་འཛོལ་གྱི་བརྡ་ལན་རིམ་པ་དང་པོ་བསྟར་འགོ་ཚུགས་ནས་རོགས་སྐྱོབ་ཆེད་ལས་སྟོབས་ཤུགས་མི་སྣ་335དང་སྨན་དོན་མི་སྣ་420བསྡུ་རུབ་བྱས་པ་དང་། ཉེ་འཁོར་གྱི་སྒུལ་བདེའི་མཐོ་གནོན་དབྱང་ཚང་དང་མྱུར་སྐྱོབ་རླངས་འཁོར་86སྐོང་བསྡུ་བྱས་ནས་འཕྲལ་སྡོམ་རོགས་སྐྱོབ་དང་སྨན་བཅོས་སྐྱོབ་བཅོས་སོགས་ཀྱི་འབྲེལ་ཡོད་ལས་དོན་སྤེལ་ཏེ། རོགས་སྐྱོབ་ཀྱི་དུས་ཚོད་ཡག་ཤོས་དམ་འཛིན་གང་ཐུབ་ཀྱིས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ནས་ཉེན་གྱར་མི་སྣ་འཚོལ་སྐྱོབ་བྱས་པ་རེད།

    རྒྱལ་ཁབ་དང་། ཞིང་ཆེན། གྲོང་ཁྱེར་བཅས་ཀྱི་འཕྲལ་སྡོམ་དོ་དམ་སྡེ་ཚན་དང་གཏེར་རིའི་བདེ་འཇགས་ལྟ་ཞིབ་སྡེ་ཚན་གྱིས་འཕྲལ་མ་ཉིད་དུ་འཕྲལ་སྡོམ་རོགས་སྐྱོབ་རིགས་གཅིག་མཁས་ཅན་དང་རྒྱལ་ཁབ་གཏེར་རིའི་འཕྲལ་སྡོམ་རོགས་སྐྱོབ་རུ་ཁག་ཧྥུན་ཤིས་རུ་ཁག་དང་ཧྭ་དབྱང་རུ་ཁག་དང་། ཧོ་ཀྲོའུ་སོལ་གློག་དང་། ཁྲང་ཀྲི་གྲོང་ཁྱེར། ལུའུ་ཨན་རྫས་འགྱུར་བཟོ་ལས་ཚོགས་པ་སོགས་ཆེད་ལས་ཅན་གྱི་གཏེར་རིའི་རོགས་སྐྱོབ་རུ་ཁག་བཅས་ལས་འཛོལ་ཐོན་ཡུལ་དུ་རོགས་སྐྱོབ་བྱེད་པར་སྐྱོད་རྒྱུར་མངགས་གཏོང་བྱས་ཡོད། འཕྲོད་བསྟེན་བདེ་ཐང་དང་། མེ་ཟོན། འགྲིམ་འགྲུལ། དམངས་སྲིད་སོགས་སྡེ་ཚན་གྱིས་འཁོར་རིགས་དང་མི་སྣ་མངགས་ནས་ལས་འཛོལ་གྱི་རོགས་སྐྱོབ་འགན་སྲུང་ལས་དོན་ལ་ཞུགས་ཡོད་པ་རེད།

    “བརྡར་ཤ་རགས་ཙམ་བཅད་པ་བརྒྱུད། ལས་འཛོལ་དང་འབྲེལ་བའི་རྡོ་སོལ་གཏེར་ཁའི་ཁེ་ལས་ལ་ཁྲིམས་འགལ་བྱེད་སྤྱོད་ཚབས་ཆེན་ཡོད་ཅིང་། ང་ཚོས་ནུས་ཤུགས་ཡོད་རྒུས་འབྲེལ་བ་ཆད་པའི་མི་སྣ་འཚོལ་སྐྱོབ་བྱེད་ཀྱི་ཡིན། ཞིབ་ཕྲའི་ལས་འཛོལ་ཐོན་རྐྱེན་གང་ཡིན་སྔར་བས་བརྟག་དཔྱད་བྱེད་བཞིན་ཡོད”ཅེས་ཁྲང་ཀྲི་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་ཁྲེན་ཤང་དབྱང་གིས་ངོ་སྤྲོད་བྱས་པ་རེད།

    ལིའུ་ཧྲེན་ཡུས་རྡོ་སོལ་གཏེར་ཁའི་ཇུས་འགོད་ཐོན་སྐྱེད་བྱེད་ནུས་ལོ་རེར་ཏུན་ཁྲི་120ཡིན་པ་དང་ཝ་སེ་མཐོ་བའི་རྡོ་སོལ་གཏེར་ཁ་རེད། ལས་འཛོལ་ཐོན་རྗེས་ཆེད་ལས་རོགས་སྐྱོབ་རུ་ཁག་ཁག་ཁྲོན་འོག་ཏུ་རོགས་སྐྱོབ་བྱེད་པར་བསྐྱོད་མོད། འོན་ཀྱང་ས་གནས་ས་ཐོག་ཏུ་འཚོལ་སྐྱོབ་བྱེད་རིང་མ་ལག་རྙོག་འཛིང་ཆེ་བ་དང་། འཚོལ་སྐྱོབ་ཁྱབ་ཁོངས་ཆེ་བ། དུག་ལྡན་དང་གནོད་ལྡན་རླངས་གཟུགས་ཡུན་རིང་ཚད་ལས་བརྒལ་བ། ཞོར་ཐོན་གནོད་འཚེ་ཐོན་ཉེན་ཆེ་བ་བཅས་ཀྱི་རྐྱེན་པས་འཚོལ་སྐྱོབ་ལས་དོན་ལ་དཀའ་ངལ་ངེས་ཅན་འཕྲད་ཡོད་པ་རེད།

    སྨན་བཅོས་སྐྱོབ་བཅོས་ཐད“སྔོན་ལྕི་རྗེས་ཡང་དང་། རིམ་དབྱེ་རིགས་དབྱེ། གནད་སྨིན་བཅོས་སྐྱོབ”བཅས་ཀྱི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུས་ཡོད། རྨས་སྐྱོན་ཆུང་ངུ་ཕོག་པའི་རྨས་མ་124ཚང་མ་ཀ་པ་རིམ་པ་གསུམ་པའི་སྨན་ཁང་དུ་བསྒྱུར་ནས་ནད་གཞིར་ལྟ་ཞིབ་དམ་ཟབ་དང་ནད་ཐོག་སྨན་བཅོས་བྱས་ཤིང་། ནད་གཞི་ཚབས་ལྕིའི་རྨས་མ་2དང་ཉེན་ལྕིའི་རྨས་མ་2ལ“མི་རེར་སྨན་བཅོས་ཆེད་བཅོས་ཚོགས་པ་རེ་དང་མི་རེར་ཇུས་གཞི་རེའི”བྱ་ཐབས་ལག་ལེན་བསྟར་བ་དང་། ཞིང་ཆེན་དང་གྲོང་ཁྱེར་གྱི་སྨན་བཅོས་སྐྱོབ་བཅོས་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ནུས་ཤུགས་ཡོད་རྒུས་མྱུར་སྐྱོབ་ལས་དོན་སྤེལ་ནས་འཆི་རྨས་ཀྱི་ཉེན་ཁ་ཆུང་དུ་གཏོང་གང་ཐུབ་བྱས་ཡོད། མིག་སྔའི་བར་སྨན་བཅོས་བྱེད་བཞིན་པའི་རྨས་མའི་སྲོག་ལ་ཉེན་ཁ་མེད་པ་དང་ནད་གཞི་སྤྱིའི་ཆ་ནས་ཚོད་འཛིན་ཐུབ་ཡོད་པ་རེད།

    “ལས་འཛོལ་ནང་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བ་མ་ཟད། ངོ་བོ་ངན་པོ་ཐ་ཤལ་ཡིན་པ་དང་བློ་ཕམ་ཡིད་གདུང་ཆེ་བའི་བསླབ་བྱ་སྤྲད་ཡོད”ཅེས་ཁྲེན་ཤང་དབྱང་གིས་བརྗོད་པ་དང་། ཁོང་གིས་སྔ་སྡུག་ཕྱི་བསམ་དང་བསམ་ཞིབ་གཏིང་ཟབ་བྱས་ཏེ། བསླབ་བྱ་ལེན་པ་དང་ཟུར་བསྟན་ལེབ་མཐོང་ཐུབ་པར་བྱས་ནས། རྡོ་སོལ་གཏེར་ཁ་གཙོ་གནད་དུ་བཟུང་སྟེ། གྲོང་ཁྱེར་ཡོངས་སུ་བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་ཆེན་པོ་དང་བཅོས་སྒྲིག་ཆེན་པོ་བྱས་ནས། འགན་འཁྲི་སྔར་བས་ནན་དུ་གཏོང་བ་དང་བྱ་ཐབས་ཁག་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ཐོག བདེ་འཇགས་ཀྱི་ལས་འཛོལ་སྣ་ཚོགས་སྔོན་འགོག་དང་འགོག་ཟོན་མཐའ་གཅིག་ཏུ་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།