“བྱས་འབྲས་ཐོབ་པར་ངས་མི་རྩོད”དང“བྱས་རྗེས་འཇོག་པར་ང་ཡིས་འབད”ཅེས་པའི་སྐོར་གླེང་བ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ལས་བྱེད་པས་ལས་སྒྲུབ་ལས་གཏོད་བྱེད་པར་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་དགོས་པ་དང་། བྱས་རྗེས་ཐོབ་པར་ངས་མི་རྩོད་པའི་བསམ་བློའི་གོ་རྟོགས་དང་བྱས་འབྲས་འཇོག་པར་ང་ཡིས་འབད་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཡོད་པ། གཟེར་འདེབས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་ཏན་ཏན་ཏིག་ཏིག་ངང་ལས་ཀ་སྒྲུབ་སྟེ། མངོན་ཆེའི་འབད་རྩོལ་བྱེད་དགོས་ལ་མངོན་ཆུང་གི་འབད་རྩོལ་ཡང་བྱེད་དགོས་པའི་ནན་བཤད་གནང་ཞིང་། རྣམ་བཤད་གལ་ཆེན་དེ་ལས་ལོ་རྒྱུས་དང་། མི་དམངས། བྱ་གཞག་བཅས་ལ་འཛིན་པའི་གུང་ཁྲན་ཏང་མིའི་རྩ་བའི་རྣམ་འགྱུར་གསལ་སྟོན་བྱས་པ་དང་། ཏང་ཡོན་ལས་བྱེད་པས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པར་ཁྲིད་སྟོན་གསལ་པོ་བྱས་ཡོད།
“བྱས་འབྲས་ཐོབ་པར་ངས་མི་རྩོད”ཅེས་པ་ནི་ལས་ཀ་སྒྲུབ་མཁན་ལ་གོ་རྟོགས་འདི་ལྟ་བུ་དགོས་པ་ལ་ཟེར་ཏེ། བྱ་བ་ལེགས་འགྲུབ་བྱུང་རྗེས་བྱས་རྗེས་ངའི་མིང་ཐོག་ཏུ་འགོད་པའི་ངེས་པ་མེད་པ་དང་། ཐ་ན་ངས་གྲུབ་འབྲས་ཐོབ་པའི་ཉིན་མོ་དེ་མཐོང་མི་ཐུབ་པའང་སྲིད་ཀྱང་སྔར་བཞིན་སྒྲུབ་འདོད་བྱེད་པ་དེ་རེད། བློ་རྒྱ་ཡངས་པོ་འདི་ལྟ་བུ་མངའ་བའི་བྱས་རྗེས་འཇོག་པའི་བསམ་བློ་དེ་རིགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་མིས་ལས་སྒྲུབ་ཏན་ཏིག་དང་མུ་མཐུད་འབད་འཐབ་བྱེད་པའི་གོ་རྟོགས་དང་འགན་འཁྲི་མཚོན་ཡོད། དངོས་ཡོད་ཀྱི་འཚོ་བའི་ནང་ལས་བྱེད་པ་ཁ་ཤས་དེ་ལས་ལྡོག་སྟེ། རང་ཉིད་ཀྱི་ཁེ་ཕན་ཁོ་ནར་རྔམ་ནས་ཁྲལ་མངོན་སླ་བཅོས་བྱས་ཏེ་གནས་སྐབས་ཀྱི་ཕན་འབྲས་ལ་ཡིད་ཚིམ་ནས་མངོན་སུམ་གྱི་གྲུབ་འབྲས་ལ་མཐོང་ཆེན་དང་མངོན་ཆུང་གི་གྲུབ་འབྲས་ལ་སྣང་ཆུང་དང་། མྱུར་ཚད་ལ་མཐོང་ཆེན་དང་སྤུས་ཚད་ལ་སྣང་ཆུང་། ཆ་ཤས་ལ་མཐོང་ཆེན་དང་སྤྱི་ཡོངས་ལ་སྣང་ཆུང་བཅས་བྱེད་ཀྱི་ཡོད། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་ནི་རྨང་གཞིའི་རང་བཞིན་ལྡན་པའི་ལས་ཀ་སྒྲུབ་འདོད་པ་དང་། སྒྲུབ་མ་ཐུབ་པའི་བྱ་བར་དམ་འཛིན་བྱེད་འདོད་པ། “རི་བོ་དང་ཆུ་བོ་ལྟ་བུའི་ཆེན་པོའི་རིགས་མི་མངོན”ནའང་གལ་འགངས་ཆེ་བའི་ལས་འགན་དེ་དག་འཁུར་ཕོད་པ་བཅས་བྱས་ནས་རང་རྟོགས་ངང་མི་སྒེར་གྱི་རིན་ཐང་དེ་ཏང་དང་མི་དམངས་ཀྱི་བྱ་གཞག་ནང་མཉམ་འདྲེས་ཐུབ་པར་བྱེད་པ་དེ་ཡིན།
“བྱས་རྗེས་འཇོག་པར་ང་ཡིས་འབད”ཅེས་པ་ལས་རླབས་ཆེན་བྱ་གཞག་ཁྲོད་མི་སྒེར་རེ་རེ་དང་ལྷག་པར་དུ་ཏང་ཡོན་ལས་བྱེད་པས་རང་སྟོབས་ཀྱི་ནུས་པ་འདོན་པ་དང་། འགན་འཁྲི་གཙང་སྒྲུབ། བྱས་རྗེས་འཇོག་པ་བཅས་བྱེད་དགོས་ལུགས་ནན་བཤད་བྱས་ཡོད། གང་ལགས་ཤེ་ན། བྱ་གཞག་རླབས་པོ་ཆེ་ནི་“ང”ཞེས་པ་ཁྲི་སྟོང་མང་པོས་དངོས་སྒྲུབ་དང་འགན་འཁྲི་འཁུར་བ་ལས་བྱུང་བ་ཞིག་རེད། ལས་བྱེད་པ་ཉུང་ཤས་ཤིག་གིས་འགན་འཁུར་ཡུན་ཚད་དེ“དུས་ཚོད་ཀྱི་མཚམས་ཚིགས” དང་། གོ་གནས་འཕར་རྒྱུ་དེ“དམིགས་ཚད་གཙོ་བོ” དུས་ཐུང་གི་ཕན་འབྲས་དེ“འཇལ་བྱེད་ཚད་ཤིང”བཅས་ལ་བརྩི་གི་ཡོད་ཅིང་། དེ་ནི་ནོར་འཁྲུལ་གྱི་སྲིད་དོན་ལས་རྗེས་ལྟ་བ་དང་། “བྱས་རྗེས་འཇོག་པར་ང་ཡིས་འབད”ཅེས་པའི་འགན་འཁུར་གྱི་སྙིང་སྟོབས་མེད་པའི་མཚོན་ཚུལ་མངོན་གསལ་དོད་པོ་ཞིག་རེད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རང་རྟོགས་ངང་ལས་ཀའི་ཆ་ཤས་དེ་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཁྲོད་བཞག་ནས་འཆར་འགོད་དང་སྐུལ་འདེད་གཏོང་དགོས་པ་དང་། ཕུགས་ཀྱི་འཆར་གཞི་འགོད་མཁན་བྱེད་དགོས་པ་མ་ཟད། འཆར་གཞི་དོན་ཐོག་ཏུ་འཁྱོལ་བའི་ཨར་སྐྲུན་པ་ཞིག་དེ་བས་ཀྱང་བྱེད་དགོས། ལས་གནས་གཅིག་རྗེས་གཉིས་མཐུད་ངང་དང་ལེན་དང་། ལས་ཀར་གཅིག་རྗེས་གཉིས་མཐུད་ངང་དམ་འཛིན་བྱེད་པ་དང་། གནས་སྐབས་ཀྱི་བྱས་རྗེས་ལ་མི་རྔམ་པ་དང་གནས་སྐབས་ཀྱི་མཚན་སྙན་དོན་གཉེར་མི་བྱེད་པར་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་འཆར་གཞི་རིམ་བཞིན་མངོན་འགྱུར་ཐུབ་པར་བྱེད་དགོས།
“བྱས་འབྲས་ཐོབ་པར་ངས་མི་རྩོད”དང“བྱས་རྗེས་འཇོག་པར་ང་ཡིས་འབད”ཅེས་པ་ནི་གཅིག་རམ་གཅིག་འདེགས་དང་རྩོད་སྒྲུབ་གཅིག་གྱུར་གྱི་གོང་བུ་ཞིག་ཡིན་ཞིང་། དེ་གཉིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློའི་ཁྲོད་གཅིག་གྱུར་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ལག་ལེན་ཁྲོད་གཅིག་གྱུར་བྱུང་ཡོད། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་དགོས་ན། “བྱས་འབྲས་ཐོབ་པར་ངས་མི་རྩོད”པའི་གོ་རྟོགས་དང“བྱས་རྗེས་འཇོག་པར་ང་ཡིས་འབད”པའི་འགན་འཁྲི་གཅིག་གྱུར་བྱས་ཏེ། ཐོག་མཐའ་བར་གསུམ་དུ་སྤྱི་ཡོངས་ཀྱི་འདུ་ཤེས་དང་བརྒྱུད་རིམ་ལྡན་པའི་བསམ་གཞིག་ལ་བརྟེན་ནས་འཕྲལ་གྱི་ཁེ་ཕན་དང་ཕུགས་ཀྱི་ཁེ་ཕན་དང་། ཆ་ཤས་ཀྱི་ཁེ་ཕན་དང་སྤྱི་ཡོངས་ཀྱི་ཁེ་ཕན་ཟུང་འབྲེལ་བྱས་ཏེ། གཏན་འཁེལ་ཟིན་པའི་ལས་འགན་དག་ཁ་བཤད་ལག་བསྟར་དང་དམ་འཛིན་མྱུར་སྒྲུབ་བྱེད་པ་དང་། ཡུན་རིང་གི་འཐབ་ཇུས་ལས་འགན་རྣམས་ལ་འཐབ་ཇུས་ཀྱི་ངེས་ཤུགས་དང་ལོ་རྒྱུས་ཀྱི་ངང་རིང་རྒྱུན་འཁྱོངས་བྱས་ཏེ། དུས་ཐུང་གི་གྲུབ་འབྲས་དང་ཕུགས་ཀྱི་འཕེལ་རྒྱས་གཉིས་གཅིག་གྱུར་གང་ལེགས་ཡོང་བར་བྱས་ནས་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཉམས་སད་ཐེག་ཐུབ་པའི་གྲུབ་འབྲས་གཏོད་དགོས།
འབྲེལ་ཡོད་གསར་འགྱུར།