དབུ་ཤོག>གསར་འགྱུར།>དམངས་འཚོ།
  • དྲ་ཐོག་ནས་མཐུན་སྦྱོར་དང་ལམ་ལུགས་ཀྱིས་གཡས་གཞོགས་གཡོན་འདེགས་བྱེད་པ།

    ལྷ་ས་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་གྱི“ཆོག་འཐུས་དང་བཀག་རྒྱའི་གསལ་ཐོས”ཕར་རྒྱུག་ཚུར་རྒྱུག་བྱེད་མི་དགོས་པར་ཐོ་འགོད་མགྱོགས་མྱུར་བྱེད་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-26

    2026ལོའི་ཟླ་བ་3པའི་སྔ་དྲོ་ཞིག་ལ་གཞུང་དོན་སྒྲུབ་པར་འགྲོ་མཁན་ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་དཔལ་འབྱོར་འཕེལ་རྒྱས་ཅུས་ཀྱི་ཅུས་ཀྲང་ལུའོ་ཅུན་ཧྥུང་ལ་ཀན་སུའུ་ནས་བརྒྱབ་པའི་ཛ་དྲག་ཁ་པར་ཞིག་འབྱོར། ཁ་པར་རྒྱག་མཁན་ཀན་སུའུ་ལན་པེའོ་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཐེན་ལན་གྱིས་སྐད་ཆེན་པོས“ང་ཚོར་མཐོ་གྲང་ཁོར་ཡུག་ལ་དམིགས་པའི་ལྟེ་བའི་ཁེ་བེད་བདག་ཐོབ་ཁག་གཅིག་རག་བྱུང་། ངེས་པར་དུ་བོད་དུ་བྱེད་པོའི་ཐོ་འགོད་གང་མགྱོགས་བྱས་ཚེ་གཞི་ནས་རྗེས་མཐུད་ཀྱི་ལས་དོན་འབྲེལ་མཐུད་བྱེད་ཐུབ་སོ་འདུག འོན་ཀྱང་ང་ཚོ་ས་ཆ་གཞན་དུ་ཡོད་པ་མ་ཟད། ད་དུང་འབྲེལ་ཡོད་བརྒྱུད་རིམ་དང་སྲིད་ཇུས་ལ་རྒྱུས་མངའ་དེ་ཙམ་མེད་ལ་དུས་ཚོད་ཀྱང་ཐུང་བས། ཁྱེད་ཀྱིས་སྒྲུབ་ཐུབ་བམ”ཞེས་བཤད།

    ལན་པེའོ་སྐྱེ་དངོས་ནི་མཐོ་གྲང་ཐན་ཁུལ་གྱི་སྐྱེ་དངོས་གསང་སྤྱོད་ཞིབ་འཇུག་གསར་སྤེལ་ལ་རྩེ་གཅིག་ཏུ་གཞོལ་བའི་རྒྱལ་ཁབ་རིམ་པའི་ཆེད་ཞིབ་ཁྱད་གསར་བཞིའི་ཁེ་ལས་ཤིག་ཡིན་པས། སྐྱེ་དངོས་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་ཀྱི་ལག་རྩལ་སྔོན་ཐོན་དུ་སླེབས་ཡོད། ཁེ་ལས་ཀྱིས་ལྷ་སར་མ་དངུལ་ཡོངས་བཞག་ཡན་ལག་ཀུང་སི་བཙུགས་ནས་ཁེ་བེད་བདག་ཐོབ་གཞན་སྒྱུར་དང་ཐོན་ལས་དོན་འཁྱོལ་གྱི་འགག་རྩའི་ལས་སྟེགས་ཤིག་བསྐྲུན་རྒྱུ་རེད། འོན་ཀྱང་རྒྱུན་གཏན་གྱི་ཐོ་འགོད་བརྒྱུད་རིམ་ལ་དུས་ཚོད་མང་པོ་འགོར་བར་བརྟེན་ཁེ་ལས་འཕེལ་རྒྱས་ཀྱི་འགག་རྩའི་དུས་ཚོད་འཐུས་ཤོར་དུ་འགྲོ་གི་ཡོད།

    “ཁེ་ལས་ཀྱིས་སྒུག་མི་ཐུབ་ལ་འཕེལ་རྒྱས་ཀྱིས་དེ་བས་ཀྱང་སྒུག་མི་ཐུབ”ཁ་པར་བཞག་རྗེས་ལུའོ་ཅུན་ཧྥུང་གིས་གནས་ཚུལ་དེའི་སྐོར་འཕྲལ་དུ་ཚན་པར་སྙན་སེང་ཞུས་པ་དང་འབྲེལ་ཚོང་འགུགས་ལས་དོན་མི་སྣ་བཀོད་སྒྲིག་བྱས་ནས་འབྲེལ་མཐུད་སྐུལ་འདེད་བཏང་བ་རེད། དེ་གོང་ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་དཔལ་འབྱོར་འཕེལ་རྒྱས་ཅུས་ཀྱིས《“ཉེ་གཙང”གི་སྲིད་ཚོང་འབྲེལ་བ་ལག་ལེན་བསྟར་བ་དང་འགན་སྒྲུབ་ཀྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བའི་ཆོག་འཐུས་དང་བཀག་རྒྱའི་གསལ་ཐོ》བཟོས་ནས་བཏོན་པ་དེ་ནི་སྤྱི་ཡོངས་སུ་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་སྤེལ་བ་དང་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བའི་འགག་རྩའི་ལམ་ལུགས་ཀྱི་ཇུས་འགོད་ཅིག་རེད།

    “དམིགས་བསལ་ལས་དོན་ངེས་པར་དུ་དམིགས་བསལ་གྱིས་སྒྲུབ་དགོས་པ་མ་ཟད། དེ་བས་གསལ་ཐོའི་སྒྲིག་ལམ་གཞིར་བཟུང་སྒྲུབ་དགོས”ཅུས་དེའི་འགོ་ཁྲིད་གཙོ་བོས་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་པ་བརྒྱུད། དཔལ་འབྱོར་འཕེལ་རྒྱས་ཅུས་ཀྱི་ཚོང་འགུགས་ཞབས་ཞུ་སྡེ་ཚན་གྱིས་འཕྲལ་མར་ཁེ་ལས་དེར“གཉེར་སྐྱོང་རྣམ་པའི”བརྒྱུད་རིམ་ཧྲིལ་པོའི་ཚབ་སྒྲུབ་ཞབས་ཞུ་སྤེལ་ནས་གསལ་ཐོའི“ཆོག་འཐུས་དར་སྤེལ”དེ་ཞིབ་ཕྲའི་ལག་ལེན་དུ་སྒྱུར་བ་དང་ཆབས་ཅིག“བཀག་རྒྱའི་གསལ་ཐོའི”ནང་དབྱེ་འབྱེད་གཏན་འཁེལ་བྱས་པའི་བྱ་སྤྱོད་ཀྱི་མཐའ་ཚད་ནན་པོ་སྲུང་རྒྱུའི་ཐག་བཅད་པ་རེད།

    “དུས་བཀག་ནང་ཐག་གཅོད་རྒྱུ”དོན་ཐོག་ཏུ་འཁྱོལ་ཆེད། དཔལ་འབྱོར་འཕེལ་རྒྱས་ཅུས་ནང་ཁུལ་དུ་མྱུར་ལམ་ཤར་གཏོང་བྱས་ཏེ་ཕྲེང་སྦྲེལ་ཞིབ་མཆན་འགོད་རྒྱུ་དེ་ཡུག་སྦྲེལ་གྲ་སྒྲིག་ཞིབ་བཤེར་དང་དུས་གཅིག་ཏུ་སྐུལ་འདེད་གཏོང་རྒྱུར་བསྒྱུར་ནས་རྒྱུ་ཆ་དག་ཚན་ཁག་དང་སྐར་ཁུང་དབར་འཁོར་རྒྱུག་དང་འབྲེལ་མཐུད་དམ་ཟབ་བྱས་ཡོད། རོགས་སྐྱོར་རེ་ཞུ་འབྱོར་བ་ནས་ཚོང་གཉེར་ལག་ཁྱེར་གསར་རྐྱང་ཞིག་གྲ་སྒྲིག་ཟིན་པའི་བར་བརྒྱུད་རིམ་ཧྲིལ་པོར་ཉིན་ཕྱེད་ལས་འགོར་གྱི་མེད།

    ཁེ་ལས་ཀྱི་མི་སྣ“ཕར་རྒྱུག་ཚུར་རྒྱུག་བྱེད་མི་དགོས་པ་དང་བོད་དུ་ཡོང་མི་དགོས་པར”ལམ་ཐག་ལེ་དབར་སྟོང་ཆོད་ཀྱང་ཐོ་འགོད་བྱེད་ཐུབ་པ་བྱུང་ཡོད། དེ་ལས་ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ལས་སྒྲུབ་མྱུར་ཚད་མགྱོགས་སུ་ཕྱིན་པ་མ་ཟད། “བཀག་རྒྱའི་གསལ་ཐོ”ལག་ལེན་བསྟར་བ་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་གསོན་ཉམས་ལྡན་པའི་གསལ་འགྲེལ་དུ་ཡང་གྱུར་ཡོད།

    ཚབ་སྒྲུབ་ནང་ཞུགས་མཁན་ལས་དོན་མི་སྣར་མྱོང་ཚོར་ཟབ་མོ་བྱུང་བ་སྟེ། “ཆོག་འཐུས་ཀྱི་གསལ་ཐོ་ལས་ང་ཚོར་ཁ་ཞེ་གཉིས་མེད་ཀྱིས་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་འཕེལ་རྒྱས་ལ་ཞབས་འདེགས་ཞུ་འདོད་ན་མདུན་ཕྱོགས་སུ་འགན་འཁྲི་འཁུར་ཕོད་པ་བྱེད་དགོས་པའི་ལྕག་སྐུལ་བྱེད་ཀྱི་འདུག བཀག་རྒྱའི་གསལ་ཐོས་དམར་ཐིག་བརྒྱབ་ནས་ང་ཚོར་ངེས་པར་དུ་ཁྲིམས་ལྟར་སྒྲིག་སྲོལ་དང་མཐུན་པ་དང་སྤྱོད་གཙང་ངང་དབང་ཆ་སྤྱོད་དགོས་པའི་དྲན་སྐུལ་བྱེད་ཀྱི་འདུག དེ་གཉིས་ཟུང་འབྲེལ་བྱས་ན་ང་ཚོར་ལས་དོན་སྒྲུབ་པའི་ཁ་ཕྱོགས་ཡོད་ལ་མཐའ་ཚད་ཀྱང་ཡོད”

    “ཁ་ཕྱོགས”དང“མཐའ་ཚད”ནི་ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་དཔལ་འབྱོར་འཕེལ་རྒྱས་ཅུས་ཀྱི“ཆོག་འཐུས་དང་བཀག་རྒྱའི་གསལ་ཐོའི”ལམ་ལུགས་ཇུས་འགོད་ཀྱི་ལྟེ་བ་རེད། བཀག་རྒྱའི་གསལ་ཐོའི་ནང“གཏན་འགོག”གི་བྱེད་སྤྱོད་30ལྷག་ཙམ་བཀོད་ནས་ལས་བྱེད་པ་འགན་འཁྲི་སྒྲུབ་པར“གློག་ཆེན”བཙུགས་ནས“བཟའ་འཁྱེར་བཀག་གསུམ”དང“རང་འགན་གཞན་དཀྲི”གཏན་འགོག་བྱས་ཡོད། ཆོག་འཐུས་ཀྱི་གསལ་ཐོའི་ནང“དངོས་འཛིན་དངོས་སྒྲུབ”དང་། “ཐེངས་གཅིག་ལ་གསལ་བཤད” “མདུན་ཕྱོགས་ཀྱི་ཞབས་ཞུ”སོགས་ཀྱི་བླང་བྱ་དེ་བཀོལ་སྤྱོད་ཆོག་པ་དང་དཔྱད་ཞིབ་ཆོག་པའི་ཞིབ་ཕྲའི་ཚད་གཞིར་འགྱུར་ཡོད།

    མིག་སྔར་དཔལ་འབྱོར་གསར་སྤེལ་ཁུལ་དཔལ་འབྱོར་འཕེལ་རྒྱས་ཅུས་ཀྱིས་གནས་ཚུལ་དེ་རིགས་དཔེ་སྟོན་དུ་ཏེ“བརྒྱུད་རིམ་ཧྲིལ་པོ་ཚབ་སྒྲུབ་དང་། ཡུག་སྦྲེལ་གྲ་སྒྲིག་ཞིབ་བཤེར། དྲ་ཐོག་ནས་མཐུན་སྦྱོར། མྱུར་སྐྱོད་འགྲོ་ལམ”སོགས་ཀྱི་བྱ་ཐབས་ནུས་ལྡན་དག་རྒྱུན་རྣམ་ཅན་གྱི་ཞབས་ཞུའི་ལམ་སྲོལ་དུ་སྒྱུར་ནས“ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་མྱུར་ཚད”དེ་མི་སྒེར་ནས་ཀུན་ཕན་ཕྱོགས་སུ་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།