ཡངས་པའི་ས་གཞི་གཤིན་པོའི་རྣམ་པ་གསར། འབད་འབུངས་ཡར་བརྩོན་བྱེད་པའི་དུས་ལ་བབས།
གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་གི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་སྐོར་གྱི་མཐོང་ཐོས།

དབང་འདུས་ནང་མིས་ཁང་པ་གསར་པའི་མདུན་དུ་བརྒྱབ་པའི་དྲན་རྟེན་མཉམ་པར་ཡིན་པ།
འདས་ཟིན་པའི་ལོ་གཅིག་རིང་། ས་སྐྱ་རྫོང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་དེ་ལས་དོན་མཐའ་དག་གི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས“གནོད་འཚེ་ཕོག་པའི་ལོ་དེ་རང་ལ་ཁང་པ་གསར་པར་སྤོ་ཐུབ་པའི”དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་ཡོང་བར་བྱས་ཡོད།
ལོ་གསར་པའི་ནང་མང་ཚོགས་ཀྱི་དོན་དག་ནི་སྔར་བཞིན་དོན་ཆེན་དང་པོར་བརྩིས་ཤིང་། ས་སྐྱ་རྫོང་གིས“ཞིང་དུས་ལ་འཐུས་ཤོར་མི་འགྲོ་བར་སོ་ནམ་ལ་དམ་འཛིན་དང་། ལས་ཡུན་ལ་འཐུས་ཤོར་མི་འགྲོ་བར་རྣམ་གྲངས་ལ་དམ་འཛིན། ངལ་ནུས་ལ་འཐུས་ཤོར་མི་འགྲོ་བར་ལས་ཞུགས་ལ་དམ་འཛིན”བཅས་མཐའ་འཁྱོངས་བྱས་ཏེ་ཕྱོགས་གཅིག་ནས་སྡོད་ཁང་གི་ལྷན་སྦྱར་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ་དང་ཕྱོགས་གཞན་ཞིག་ནས་ཞིང་འབྲོག་ཐོན་སྐྱེད་སླར་གསོ་བྱས་ཏེ་སེམས་ནུས་ཡོད་རྒུས་དམངས་འཚོའི་བྱ་བ་དངོས་ཡག་པོ་བསྒྲུབས་ཡོད། ས་སྐྱ་རྫོང་གི་མང་ཚོགས་ཚོས་སེམས་ཤུགས་སྔར་བས་གཅིག་ཏུ་བསྒྲིལ་ནས་དྲོ་སོབ་སོབ་ཀྱི་བདེ་སྡོད་ཁང་པའི་ནང་ལག་ལེན་དངོས་ལ་བརྟེན་ནས་དེ་བས་སྐྱིད་པའི་འཚོ་བ་གསར་པའི་ཕྱོགས་སུ་འབད་འབུངས་བྱེད་བཞིན་ཡོད།
དཔྱིད་རྨོད—
བདེ་སྡོད་ཁང་པ་སྐྱིད། སོ་ནམ་ལས་ལ་བྲེལ།
ཞོགས་པའི་ཉི་གཞོན་ས་སྐྱ་གྲོང་རྡལ་རྫོང་མགོ་སྡེ་ཁུལ་གྱི་ཡུལ་མིའི་སྡོད་ཁང་གསར་པར་འཕྲོས་པ་དང་སྦྲགས།
གྲོང་མི་དབང་འདུས་ཁྱིམ་དུ་ཉིན་གཅིག་གི་ལས་ལ་བྲེལ་འགོ་ཚུགས་ཤིང་། གང་སར་དཔྱིད་རྨོད་གོང་བློ་བདེ་དང་རེ་སྒུག་གིས་ཁེངས་ཡོད།
“གནམ་གཤིས་དྲོ་རུ་ཕྱིན་པས། དཔྱིད་འདེབས་དངོས་སུ་འགོ་ཚུགས་གྲབས་ཡོད”ཅེས་དབང་འདུས་ཀྱི་སྐད་ཆ་ལས་ཞིང་ལས་ཐོན་སྐྱེད་ཀྱི་སེམས་ཤུགས་དང་ལོ་ལེགས་ལ་རེ་བས་ཁེངས་པ་མཚོན་ཡོད།
བློ་བདེ་པོ་འདི་ནི་ལས་སླ་པོར་བྱུང་བ་ཞིག་མིན།
ན་ནིང་གི་ས་ཡོམ་ལ་ཕྱིར་དྲན་བྱེད་སྐབས། དབང་འདུས་ཀྱིས་སྨིན་མ་བསྡུ་བཞིན་དུ“ཁང་པ་རྙིང་པར་གས་སྲུབས་ཆེན་པོ་ཤོར་ནས་མུར་མཛོག་ཀྱང་ཤོང་གི་འདུག ཉིན་ལྟར་ནང་མི་ཚང་མ་སེམས་བཀྱག་ནས་བསྡད་དེ་དཔྱིད་རྨོད་དཔྱིད་གྲབས་ལ་སེམས་པའང་གནས་ཀྱི་མི་འདུག”ཅེས་བཤད།
མང་ཚོགས་བློ་བདེ་པོ་ཡོང་དོན་ནི་ས་སྐྱ་རྫོང་གིས་དུས་གཅིག་ཏུ་སྐུལ་འདེད་དང་ཕྱོགས་གཉིས་ནས་ཤུགས་རྒྱག་པའི་འཕྲལ་ཐག་ཆོད་པའི་བྱ་ཐབས་ཏེ། ཕྱོགས་གཅིག་ནས་མང་ཚོགས་ཀྱི་སྡོད་ཁང་གེགས་རྗེས་བསྐྱར་སྐྲུན་ལ་དམ་འཛིན་ནན་པོ་བྱས་ཏེ་བདེ་སྡོད་ལ་འགན་སྲུང་བརྟན་པོ་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་ཞིང་འབྲོག་ཐོན་སྐྱེད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་དམངས་འཚོའི་རྩ་བ་བརྟན་དུ་བཏང་ཞིང་། གཙོ་གནད་ལས་དོན་ཁག་གཉིས་དུས་གཅིག་ཏུ་ཇུས་འགོད་དང་། དུས་གཅིག་ཏུ་དོན་འཁྱོལ། དུས་གཅིག་ཏུ་སྐུལ་སྤེལ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་གནོད་འཚེའི་ཤུགས་རྐྱེན་ཆུང་དུ་བཏང་བས་རེད།
གྲོང་སྡོད་ལས་བྱེད་པ་དང་སྡེ་ཁུལ་གྱི་ལས་དོན་པས་ཁྱིམ་དུ་འདྲི་རྟོག་དང་ཞབས་འདེགས་ཡག་པོ་ཞུ་བར་ཡང་སེ་བསྐྱོད་དེ་གེགས་རྗེས་བསྐྱར་སྐྲུན་གྱི་དམངས་ཕན་སྲིད་ཇུས་ངང་རྒྱུད་རིང་པོས་སྒྲོག་འགྲེལ་བྱས་པ་དང་མང་ཚོགས་ལ་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་རོགས་བྱས་པ་མ་ཟད། དུས་ཐོག་ཏུ་དཔྱིད་རྨོད་ཀྱི་ས་བོན་དང་རྫས་ལུད་ཞིང་དུད་ལ་བསྐྱལ་ནས་ཚང་མར་ཞིང་ལས་ཐོན་སྐྱེད་གང་མགྱོགས་སླར་གསོ་ཡོང་བར་དམར་ཁྲིད་བྱས་པ་རེད།
བསྐྱར་སྐྲུན་ལས་དོན་སྤེལ་འགོ་ཚུགས་རྗེས། དབང་འདུས་ཀྱི་ནང་མི་ཚང་མས་སྡོད་ཁང་གསར་པ་སྐྲུན་ཞོར་དུ་རང་ཁྱིམ་གྱི་ཞིང་ལས་ཀྱང་འཐུས་ཤོར་མི་ཡོང་བ་བྱས་ཡོད། “སྲིད་གཞུང་ཧ་ཅང་ཡག་པོ་འདུག ང་ཚོས་ཁང་པ་རྒྱག་པར་བྲེལ་ནས་ཞིང་ལས་བྱེད་ཁོམ་མེད་པར་བསམ་བློ་བཏང་སྟེ་ཆེད་མངགས་རིན་མེད་ཀྱི་ཞིང་འཕྲུལ་ཚབ་གཉེར་ལས་དོན་སྤེལ་ནས་ང་ཚོའི་དཀའ་གནད་བསལ་སོང”ཞེས་དབང་འདུས་ཀྱིས་འཛུམ་དམུལ་དམུལ་ངང་བཤད། འགན་སྲུང་དེ་ཡོད་པའི་དབང་གིས་ན་ནིང་ཁོང་ཁྱིམ་གྱི་འབྲུ་རིགས་ཐོན་འབབ་རྒྱ་མ་6000ལས་བརྒལ་ནས་ཐོན་འབབ་ལ་ས་ཡོམ་གྱི་གནོད་འཚེའི་ཤུགས་རྐྱེན་སྤུ་ཙམ་ཡང་ཐེབས་མེད།
“ན་ནིང་ཟླ་10པར། ང་ཚོ་དགའ་དགའ་སྤྲོ་སྤྲོའི་ངང་ཁང་པ་གསར་པར་སྤོས་པས་སེམས་ཁྲལ་གང་ཡང་མི་འདུག་ལ་བློའང་ཧ་ཅང་བདེ་པོ་འདུག”ཅེས་དབང་འདུས་ཀྱིས་བཤད་ཅིང་། ཁོང་གིས་ད་ཆ་བདེ་སྡོད་ཕུགས་འདུན་མངོན་འགྱུར་བྱུང་བས་འཚོ་བ་དེ་བས་བདེ་སྐྱིད་ཡོང་ངེས་རེད། ཕྱིན་ཆད་བློ་རྩེ་གཅིག་སྒྲིམ་གྱིས་ས་ཞིང་ཡག་པོ་བཏབ་ནས་འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་གཏོང་འདོད་ཡོད་ཅེས་བཤད།
ལས་འགོ་བསྐྱར་འཛུགས——
ཁྱིམ་གྱི་སྒོ་རྩར་ཡོང་འབབ་གསོག རྐང་འོག་ལམ་བུ་དེ་བས་ཡངས།
ཞིང་ནང་དུ་དཔྱིད་རྨོད་དཔྱིད་གྲབས་ཚ་ཚ་འུར་འུར་དང་གྲོང་གསེབ་ཀྱི་རྣམ་གྲངས་འཛུགས་སྐྲུན་བྱེད་བཞིན་ཡོད་པས་ས་སྐྱའི་ས་གཞི་ཆེན་པོར་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་ཚ་རླབས་ཤིག་འཕྱུར་ཡོད།
རྣམ་གྲངས་ལས་ཡུལ་དུ་བྲེལ་བརྩོན་ཆེ་བའི་རྣམ་པས་ཁེངས་ཤིང་། སྐྱེལ་འདྲེན་རླངས་འཁོར་ཕར་འགྲོ་ཚུར་འོང་གིས་ལམ་ངོས་ཁོད་སྙོམས་པོ་བཟོ་བ་དང་། སྲུབ་དཀྲུག་འཕྲུལ་འཁོར་འཁོར་སྐྱོད་བྱེད་མཚམས་མི་འཇོག་པར་ནུས་ཤུགས་ཡོད་རྒུས་ཨར་ལས་རྒྱུ་ཆ་འགན་སྲུང་བྱེད་པ། ཨར་སྐྲུན་མི་སྣས་རང་འགན་གཙང་སྒྲུབ་དང་ལས་རིམ་ཚང་མ་ཞིབ་ཚགས་དང་ཡག་ཐོག་ཡག་བརྩེགས་ཡོང་བར་བྱེད་པ་སོགས་ལས་བྲེལ་ཆེ་བའི་གཟུགས་བརྙན་ཚང་མར་འབད་འཐབ་ཀྱི་སྟོབས་ཤུགས་ཀྱིས་ཁེངས།
“ལམ་འདི་ནི་ང་ཚོའི་གྲོང་ཚོའི་ཕྱུག་འགྱུར་གྱི་ལམ་བུ་དང་བདེ་སྐྱིད་གྱི་ལམ་བུ་ཡིན་ལ། གྲོང་ཚོའི་ཐོན་ལས་འཕེལ་རྒྱས་དང་ཡང་འབྲེལ་བ་ཡོད་པས། ངེས་པར་དུ་ཁོད་སྙོམས་པོ་དང་ཡག་པོ་བཟོ་དགོས་པ་ལས། ལྷོད་གཡེང་ཡེ་ནས་གཏོང་མི་རུང”ཞེས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་རིང་དབང་རྒྱལ་གྱིས་མངགས་བཅོལ་ཡང་ཡང་བྱས་ཤིང་། གྲོང་གསེབ་འཕེལ་རྒྱས་ལ་རེ་བས་ཁེངས།
ལོ་57ལ་སླེབས་པའི་གྲོང་མི་དོན་གྲུབ་ཀྱིས་ཕ་ཡུལ་གཅིག་པའི་ལས་རོགས་ཚོ་དང་མཉམ་དུ་ལམ་འདིང་བཞིན་དཔྲལ་བར་རྔུལ་ཆུས་ཁེངས་ཀྱང་ངོ་གདོང་ནས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བཞིན་འདུག བཀྲ་ཕུན་གྱིས་ས་གནས་དེ་གའི་འཚོ་རྟེན་ལས་སྤྲོད་ཀྱི་རྣམ་གྲངས་ཤིག་ཡིན་པའི་ངོས་ནས་ལས་གྲྭར་སྔོན་ལ་ངེད་གྲོང་ཚོའི་གྲོང་མི་ལས་མིར་བསྡུ་ཡི་ཡོད་པས་ཉིན་ལྟར་གྲོང་མི་བཅུ་གྲངས་ཁ་ཤས་སྒོ་རྩ་ནས་ལས་ཞུགས་ཐུབ་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།
ཨར་འདམ་ལམ་བཏིང་བས་དམངས་སེམས་དམངས་འདོད་སྦྲེལ་མཐུད་ཐུབ་པ་དང་མི་སེར་ལ་ཡོང་འབབ་ཀྱང་བྱུང་ཡོད། འཚོ་རྟེན་ལས་སྤྲོད་ཀྱི་སྲིད་ཇུས་དོན་འཁྱོལ་བྱུང་ནས་ཡུལ་མི་གྲོང་ཚོ་ནས་དོན་མི་དགོས་པར་ཡོང་འབབ་གསོག་ཐུབ་པས་འཚོ་བར་རེ་བས་ཁེངས་ཡོད།
ལས་དར——
ལྷས་ར་གསར་པ་བསྐྲུན། ཐོན་ལས་མདུན་ལམ་ཆེ།
ལས་ལ་བརྩོན་པའི་གཟུགས་བརྙན་ནི་ཞིང་ནང་མུ་ཁ་དང་རྣམ་གྲངས་ལས་ཡུལ་དུ་མངོན་པ་མ་ཟད། གཞོང་སྨད་ཤང་ཡུལ་སྨད་ཞིང་འབྲོག་པའི་ཕྱུགས་རིགས་གསོ་ཚགས་ཆེད་ལས་མཉམ་ལས་ཁང་དུ་ཡང་བྲེལ་བརྩོན་ཆེ་བའི་རྣམ་པ་མངོན་ནས་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ལ་རེ་བ་གསར་པ་སྦྲུམ་བཞིན་ཡོད།
མཉམ་ལས་ཁང་གི་འགན་འཁུར་བ་ཕུན་ཚོགས་ཀྱིས་ལས་དོན་པ་ཁྲིད་དེ་གསར་དུ་བསྐྲུན་པའི་ལྷས་ར་བརྟན་དུ་གཏོང་བ་དང་དུག་སེལ་བྱེད་པ་དང་། ལུ་གུ་བཙའ་ལ་ཉེ་བའི་མ་མོར་གཟན་རྩྭ་སྦྱིན་ནས་བདག་སྐྱོང་ནན་ཏན་བྱས།
ཕུན་ཚོགས་ཀྱིས་མ་མོར་ལྟ་བཞིན་མིག་ཟུང་ནས་ཐོན་ལས་འཕེལ་རྒྱས་ལ་རེ་སྒུག་འཕྱུར་ཏེ“ད་དུང་ཟླ་བ་གཅིག་སོང་རྗེས་སྔོན་དཔག་བྱས་ན་ལུ་གུ་2300བཙའ་ཡི་ཡོད། ད་ལྟ་ངེས་པར་དུ་གཡོག་བྱེད་ཡག་པོ་བྱས་ནས་ལུ་གུ་ཚང་མ་བདེ་ཐང་ངང་འཚར་ཐུབ་པ་བྱེད་དགོས”ཞེས་བཤད།
མཉམ་ལས་ཁང་དེ་དཀར་པོ་ཆེ་གྲོང་ཚོ་དང་ཆུ་འདུས་གྲོང་ཚོས་མཉམ་དུ་བཙུགས་པ་དང་མུའུ་ཁྲི་17.24ཟིན་པའི་སྤུས་ལེགས་རྩྭ་ར་ཡོད་པ་དང་ལུག་ལག་ཡོད་མགོ་གྲངས་ཁྲི་1.2ཟིན་ཡོད། 2020ལོའི་ཟླ་3པར་བཙུགས་ཚུན། མཉམ་ལས་ཁང་འཕེལ་རྒྱས་བརྟན་པོ་ཕྱིན་ནས་རིམ་རྩིས་བརྒྱབ་ན་མཉམ་ལས་ཁང་ལ་ཞུགས་མཁན་དུད་ཚང་136ལ་ཁེ་སྤོགས་སྒོར་ཁྲི་580བགོས་པས་གྲོང་མིའི་འབབ་འཕར་ལ་སྐུལ་ཁྲིད་བྱེད་པའི་ཐོན་ལས་གཙོ་བོར་གྱུར་ཡོད།
“དེ་སྔོན་དུད་ཚང་རང་རང་སོ་སོས་ལུག་འཚོ་བར་གཞི་ཁྱོན་ཆུང་བ་དང་། མ་གནས་མཐོ་བ། ཡོང་འབབ་དམའ་བ་བཅས་ཡོད་པས་ལོ་གཅིག་དཀའ་ལས་བརྒྱབ་ཀྱང་ཡོང་འབབ་དེ་ཙམ་མེད”ལུག་རྫི་ཚེ་བརྟན་འཆི་མེད་ཀྱིས་ལུག་ལ་གཟན་རྩྭ་སྟེར་བཞིན་དགའ་ཚོར་ཆེན་པོས་མཉམ་ལས་ཁང་དུ་ཞུགས་རྗེས་རང་ཉིད་ཀྱིས་གསོ་ཚགས་དང་ཕྱིར་ཚོང་ལ་སེམས་ཁྲལ་བྱེད་མི་དགོས་པར་ལོ་ལྟར་བགོ་འགྲེམས་བརྟན་པོ་རག་པ་མ་ཟད། ད་དུང་མཉམ་ལས་ཁང་དུ་ལས་ཀ་བྱས་པའི་གླ་ཆ་བསྡོམས་ན། ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་3.9རག་གི་འདུག་པས་འཚོ་བ་ཧ་ཅང་སྐྱིད་པོ་འདུག”ཅེས་བཤད།
ན་ནིང་ས་ཡོམ་བརྒྱབ་ནས་མཉམ་ལས་ཁང་གི་ལྷས་རར་གཏོར་སྐྱོན་ཚབས་ཆེན་ཕོག་ནས་ལུག་20ལྷག་ཙམ་ལ་རྨས་སྐྱོན་ཕོག་ཡོད། འོན་ཀྱང་གནོད་འཚེ་དེས་ཚང་མའི་སེམས་ཤུགས་ཆག་མེད་པ་མ་ཟད། ཁོངས་མི་ཚོས་ཕྱར་བ་གྲུ་འདེགས་དང་དཀའ་ངལ་ཁྱད་བསད་ཀྱིས་ལྷས་ར་བསྐྱར་དུ་བསྐྲུན་པ་རེད། ད་ཆ་སྲ་ཞིང་བརྟན་ལ་ཚད་ལྡན་ཅན་གྱི་ལྷས་ར་གསར་པ་དངོས་སུ་སྤྱོད་འགོ་ཚུགས་ནས་མཉམ་ལས་ཁང་ཕྱོགས་ཡོངས་ནས་ཐོན་སྐྱེད་སླར་གསོ་ཐུབ་སྟེ་སླར་ཡང་སྐྱེ་སྟོབས་ཀྱི་དཔལ་འབར་ཡོད།
སྡོད་ཁང་གསར་པར་བདེ་སྡོད་ལས་བརྩོན་ཐུབ་པ་དང་། མུའུ་ཁྲི་ཡི་ཞིང་ཁར་ལོ་ལེགས་ཀྱི་རེ་བས་ཁེངས་པ། རྣམ་གྲངས་ལས་ཡུལ་དུ་འབབ་འཕར་ཕྱུག་འགྱུར་གྱི་ལས་བྲེལ་ཆེ་བ། གསོ་ཚགས་མཉམ་ལས་ཁང་དུ་ཐོན་ལས་དར་རྒྱས་ཀྱི་སྐྱེ་སྟོབས་འབར་བ་བཅས་ཡོད།
ད་ཆའི་ས་སྐྱའི་ས་གཞི་ཆེ་མོར་དྲོད་སྐྱིད་ཀྱིས་ཁེངས་ནས་གང་ས་གང་དུ་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟ་བུའི་རྣམ་པ་གསར་རྐྱང་མངོན་པ་དང་། མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་ཕྱོགས་ནས་ཏན་ཏན་ཏིག་ཏིག་དང་འབད་འབུངས་མདུན་སྐྱོད་བྱེད་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།