དབུ་ཤོག>གསར་འགྱུར།>དམངས་འཚོ།
  • 2026ལོའི་ཞིང་ལས་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་གྲངས་མིང་ཐོའི་ནང་རང་ལྗོངས་ཀྱི་རྣམ་གྲངས་ལྔ་ཚུད་པ།

    སྔོན་དཔག་བྱས་ན་རྣམ་གྲངས་ཀྱི་མ་དངུལ་སྒོར་དུང་ཕྱུར་3.3རག་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-26

    ཉེ་ཆར། ཞིང་ལས་གྲོང་གསེབ་པུའུ་གཞུང་དོན་ཐིང་གིས་2026ལོའི་ཞིང་ལས་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་གྲངས་ནང་ཚུད་པའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། རང་ལྗོངས་ཀྱི་རྣམ་གྲངས་ལྔ་དེའི་ནང་ཚུད་པ་དང་། དེའི་ནང་དེང་རབས་ཞིང་ལས་ཐོན་ལས་གླིང་དང་། ལེགས་ལྡན་ཁྱད་ལྡན་ཐོན་ལས་ཚོ་འདུས། ཞིང་ལས་ཐོན་ལས་ཀྱི་གྲོང་རྡལ་སྟོབས་ཆེན་བཅས་རིགས་ཆེ་གྲས་གསུམ་ཚུད་ཡོད། སྔོན་དཔག་བྱས་ན་རྣམ་གྲངས་ཀྱི་མ་དངུལ་སྒོར་དུང་ཕྱུར་3.3རག་ནས་ལྗོངས་ཡོངས་ཀྱི་ཞིང་འབྲོག་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་རྒྱུ་རེད།

    ད་ཐེངས་བདམས་པའི་རྣམ་གྲངས་ལྔ་ནི་སྙེ་མོ་རྫོང་དེང་རབས་ཞིང་ལས་ཐོན་ལས་གླིང་དང་། བོད་རང་སྐྱོང་ལྗོངས་ཀྱི་རྒུན་འབྲུམ་ཐོན་ལས་ཚོ་འདུས། དེ་བཞིན་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་མཚོ་སྟོད་ཤང་། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གནམ་ཤང་། ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་བསམ་ཡས་གྲོང་རྡལ་བཅས་ཞིང་ལས་ཐོན་ལས་གྲོང་རྡལ་སྟོབས་ཆེན་3ཡིན་པ་རེད། དེའི་ཁྲོད་ནས་སྙེ་མོ་རྫོང་དེང་རབས་ཞིང་ལས་ཐོན་ལས་གླིང་དེ་དེང་རབས་ཞིང་ལས་ཐོན་ལས་གླིང་གི་རྣམ་གྲངས་འཛུགས་པའི་མིང་ཐོའི་ནང་ཚུད་པ་དང་བོད་རང་སྐྱོང་ལྗོངས་ཀྱི་རྒུན་འབྲུམ་ཐོན་ལས་ཚོ་འདུས་དེ་ལེགས་ཆ་ལྡན་པའི་ཁྱད་ལྡན་ཐོན་ལས་ཚོ་འདུས་རྣམ་གྲངས་ཀྱི་རྣམ་གྲངས་འཛུགས་པའི་མིང་ཐོའི་ནང་ཚུད་པ་དང་། ཤང་དང་གྲོང་རྡལ་3ཞིང་ལས་ཐོན་ལས་ཀྱི་གྲོང་རྡལ་སྟོབས་ཆེན་རྣམ་གྲངས་འཛུགས་པའི་མིང་ཐོའི་ནང་ཚུད་ཡོད།

    ཞིང་ལས་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་གྲངས་ནི་གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་རེད། ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་རང་ལྗོངས་ཀྱི་རྣམ་གྲངས་5བདམས་ཐོན་བྱུང་བ་དེས་ས་མཐོའི་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་ཞན་ཆ་སྔར་བས་སེལ་རྒྱུ་དང་། ཐོན་ལས་བཀོད་ཇུས་ལེགས་སུ་གཏོང་རྒྱུ། ཞིང་འབྲེལ་ཞིང་ཁྲིད་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ། རྣམ་གྲངས་གནས་ཡུལ་གྱིས་མངགས་ཐོ་ཉོ་སྒྲུབ་དང་། མ་རྐང་མཉམ་ལས། མཉམ་འབྲེལ་གཉེར་སྐྱོང་སོགས་ཀྱི་བྱ་ཐབས་བརྒྱུད་ཞིང་དུད་ཆུང་ངུ་ཐོན་ལས་འཕེལ་རྒྱས་ནང་གཏིང་ཟབ་ཞུགས་པར་སྐུལ་འདེད་བཏང་ནས། ཐོན་ལས་ཀྱི་གནས་ཐང་འཕར་བའི་ཡོང་འབབ་དེ་བས་མང་བ་ས་གནས་དེ་ག་དང་ཞིང་པར་བཞག་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ཆེད་ཐོན་ལས་ཀྱི་འདེགས་སྐྱོར་བརྟན་པོ་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།