དབུ་ཤོག
  • ས་ཆ་འདི་དག་ལ་ཆར་པ་ཆེན་པོ་འབབ་པ་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-05-25

    ཟླ་5ཚེས་24ཉིན། རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱིས་མ་འོངས་ཉིན་བཅུའི་གནམ་གཤིས་སྔོན་བརྡ་བཏང་བ་དང་། སྔོན་དཔག་བྱས་ན། ཟླ་5ཚེས་25ཉིན་ནས་ཟླ་6ཚེས་3ཉིན་བར་རང་ལྗོངས་སུ་ཆར་ཆུ་ཐེངས་གསུམ་འབབ་རྒྱུ་ཡིན་ཞིང་། དུས་འགོར་ཤར་རྒྱུད་དུ་གཙོ་བོ་འབབ་རྒྱུ་དང་། ཟླ་5ཚེས་28ཉིན་ནས་བཟུང་ནུབ་རྒྱུད་དུ་འབབ་རྒྱུ། ཚེས་31ཉིན་གྱི་རྗེས་ནས་འབབ་ཤུགས་ཆེ་རུ་འགྲོ་རྒྱུ་དང་རང་ལྗོངས་ཀྱི་ལྷོ་རྒྱུད་ཀྱི་ས་བབ་དམའ་བའི་ས་ཆར་ཆར་པ་ཆེན་པོ་འབབ་རྒྱུ་རེད། 

    གནམ་གཤིས་སྟོན་ཚུལ་གཙོ་བོ།

    ཟླ་5ཚེས་25ནས་27ཉིན་བར། ཉིང་ཁྲི་དང་ལྷོ་ཁའི་ལྷོ་རྒྱུད་དུ་ཆར་པ(གངས)ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ(གངས)ཆེན་པོ་འབབ་རྒྱུ། གཞིས་རྩེའི་ལྷོ་རྒྱུད་དང་། ནག་ཆུ། ལྷ་སའི་བྱང་རྒྱུད། ཆབ་མདོ་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་ཆར་པ(གངས)ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ(གངས)འབྲིང་བ་འབབ་རྒྱུ། དེ་མིན་གྱི་ས་ཆར་སྤྲིན་པ་མང་པོ་འཁོར་རྒྱུ།  

    ཟླ་5ཚེས་28ནས་30ཉིན་བར། མངའ་རིས་དང་གཞིས་རྩེའི་ནུབ་རྒྱུད་དང་ལྷོ་རྒྱུད་དུ་ཆར་པ(གངས)ཆུང་བ་འབབ་རྒྱུ་དང་ས་བབ་དམའ་བའི་ས་ཆ་ཁག་གཅིག་ལ་ཆར་པ་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ། ནག་ཆུ་དང་། ཉིང་ཁྲི། ལྷོ་ཁ། ལྷ་ས་བཅས་སུ་གནམ་འཐིབས་ནས་ཆར་པ(གངས)ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ(གངས)འབྲིང་བ་འབབ་རྒྱུ། དེ་མིན་གྱི་ས་ཆར་སྤྲིན་པ་མང་པོ་འཁོར་རྒྱུ་དང་ས་ཆ་ཁག་གཅིག་ལ་ཁ་ཐོར་རང་བཞིན་གྱི་ཆར་པ(གངས)ཆུང་བ་འབབ་རྒྱུ། 

    ཟླ་5ཚེས་31ཉིན་ནས་ཟླ་6ཚེས་3ཉིན་བར། མངའ་རིས་དང་། གཞིས་རྩེའི་ལྷོ་རྒྱུད། ལྷོ་ཁའི་ལྷོ་རྒྱུད། ཉིང་ཁྲི་བཅས་སུ་ཆར་པ(གངས)ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ(གངས)ཆེན་པོ་འབབ་རྒྱུ། ནག་ཆུ་དང་། ཆབ་མདོ། ལྷོ་ཁའི་ཤར་རྒྱུད་བཅས་སུ་ཆར་པ(གངས)ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ(གངས)འབྲིང་བ་འབབ་རྒྱུ། དེ་མིན་གྱི་ས་ཆར་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ(གངས)ཆུང་བ་འབབ་རྒྱུ། 

    གནམ་གཤིས་ལས་ཁུངས་ཀྱི་དྲན་སྐུལ།

    གཅིག་ནས་ས་ཆ་ཁ་ཤས་ལ་གངས་རྡིབ་དང་ས་གཤིས་ཀྱི་གནོད་འཚེ་སོགས་ཞོར་ཐོན་གནོད་འཚེ་ཐོན་པར་འགོག་ཟོན་བྱེད་དགོས་ཤིང་། ལྷོ་རྒྱུད་ཀྱི་ས་བབ་དམའ་སར་ཆར་པ་འབབ་ཡུན་རིང་བ་དང་ས་ཆ་ཁ་ཤས་སུ་འབབ་ཤུགས་ཆེ་བས་རི་ཉིལ་བ་དང་། འདམ་རྡོའི་ཆུ་རུད་ཐོན་པ། གངས་རྡིབ་རྒྱག་པ་སོགས་ཀྱི་ཞོར་ཐོན་གནོད་འཚེ་ཐོན་སླ་བས། ལས་གྲྭ་གལ་ཆེན་འཛུགས་སྐྲུན་དང་འགྲིམ་འགྲུལ་བདེ་འཇགས་ལ་འགན་སྲུང་ཡག་པོ་བྱེད་དགོས།

    གཉིས་ནས་ཕྱི་དྲོའི་འགྱུར་ལྡོག་ཆེ་བའི་གནམ་གཤིས་ལ་འགོག་ཟོན་བྱེད་དགོས་ཤིང་། ནག་ཆུ་དང་། ལྷ་ས། ལྷོ་ཁ། གཞིས་རྩེའི་བྱང་རྒྱུད་དང་ཤར་རྒྱུད། ཆབ་མདོ་སོགས་ས་ཆ་ཁག་གཅིག་ལ་ཐོགས་རྒྱག་པ་དང་། ལྷགས་པ་ཆེན་པོ་རྒྱག་པ། སེར་བ་འབབ་པ། དུས་ཐུང་དྲག་ཆར་འབབ་པ་སོགས་ཀྱི་གནམ་གཤིས་བསྟན་རྒྱུ་ཡིན་པས་འགོག་ཟོན་ཡག་པོ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།