རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རྒྱུན་སྡོད་ས་གནས་ཀྱིས་གཞི་རྩའི་སྤྱི་པའི་ཞབས་ཞུ་མཁོ་འདོན་ཁྱབ་གདལ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཀྲམ་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་22ཉིན་གློག་འཕྲིན་འབྱོར་གསལ། རྒྱུན་སྡོད་ས་གནས་ཀྱིས་གཞི་རྩའི་སྤྱི་པའི་ཞབས་ཞུ་མཁོ་འདོན་ཁྱབ་གདལ་བཏང་ནས། གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་གྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། མི་རྩ་བར་འཛིན་པའི་གྲོང་ཁྱེར་གྲོང་རྡལ་དཔེ་གསར་ཅན་གྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པར་འདེགས་སྐྱོར་ནུས་ལྡན་བྱ་ཆེད། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རྒྱུན་སྡོད་ས་གནས་ཀྱིས་གཞི་རྩའི་སྤྱི་པའི་ཞབས་ཞུ་མཁོ་འདོན་ཁྱབ་གདལ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》(གཤམ་ལ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་པ་རེད།
《བསམ་འཆར》ནང་ནན་བཤད་བྱས་དོན། རྒྱུན་སྡོད་ས་གནས་ཀྱིས་གཞི་རྩའི་སྤྱི་པའི་ཞབས་ཞུ་མཁོ་འདོན་བྱས་ནས། ཐེམ་ཐོ་སྒྱུར་མེད་པའི་རྒྱུན་སྡོད་མི་འབོར་དང་ཐེམ་ཁུངས་མི་འབོར་ལ་གཞི་རྩའི་སྤྱི་པའི་ཞབས་ཞུ་འདྲ་མཉམ་ལོངས་སུ་སྤྱོད་རྒྱུར་སྐུལ་འདེད་གཏོང་བ་དེས་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་རྒྱུར་ཕན་ཐོགས་ཡོད་པ་མ་ཟད། གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་སྤུས་ཚད་མཐོ་རུ་གཏོང་བ་དང་། རྒྱལ་ནང་གི་དགོས་མཁོའི་མི་མངོན་པའི་སྟོབས་ཤུགས་འདོན་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད།
《བསམ་འཆར》ནང་བསྟན་དོན། མཉམ་སྤོས་བུ་ཕྲུག་གི་སློབ་གསོ་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས། འོས་འགན་སློབ་གསོའི་དུས་མཚམས་ཀྱི་མཉམ་སྤོས་བུ་ཕྲུག་གཞུང་བཙུགས་སློབ་གྲྭ་ནས་སློབ་གནས་བླངས་པའི་བསྡུར་ཚད་བརྟན་པོའི་ངང་མཐོ་རུ་གཏོང་བ་དང་། མཉམ་སྤོས་བུ་ཕྲུག་རྒྱུན་སྡོད་ས་གནས་ཀྱི་སློབ་ཞུགས་གོང་གི་སློབ་གསོ་དང་མཐོ་འབྲིང་དུས་མཚམས་ཀྱི་སློབ་གསོའི་སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་སུ་འཇུག་རྒྱུར་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་དེ་བས་མང་བས་ལས་ཞུགས་དང་སྡོད་གནས་བརྟན་པོ་ཡོད་ཅིང་ཐེམ་ཐོ་སྒྱུར་མེད་པའི་རྒྱུན་སྡོད་མི་འབོར་གྱི་ཁྱིམ་ཚང་བོགས་གཏོང་གཞུང་ཁང་འགན་ལེན་གྱི་ཁྱབ་ཁོངས་སུ་འཇུག་རྒྱུར་སྐུལ་འདེད་བཏང་ནས། སྟབས་བསྟུན་ལས་ཞུགས་མི་སྣ་སྡོད་ཁང་སྤྱི་གསོག་མ་དངུལ་ནང་ཞུགས་པའི་ལམ་ལུགས་ལ་སྐུལ་འདེད་བརྟན་པོ་གཏོང་དགོས། ལས་ཞུགས་བྱ་ཡུལ་དུ་ལས་བཟོའི་སྤྱི་ཚོགས་འགན་བཅོལ་ནང་ཞུགས་རྒྱུའི་ཐེམ་ཁུངས་ཀྱི་ཚད་བཀག་ཕྱོགས་ཡོངས་ནས་མེད་པར་བཟོས་ནས། ངལ་རྩོལ་པ་སྣ་ཚོགས་ལས་ཞུགས་བྱ་ཡུལ་དུ་ལས་བཟོའི་སྤྱི་ཚོགས་འགན་བཅོལ་ནང་ཞུགས་རྒྱུར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱས་ཏེ། ཞིང་པ་ལས་མི་དང་། སྟབས་བསྟུན་ལས་ཞུགས་མི་སྣ། ལས་ཞུགས་རྣམ་པ་གསར་པའི་མི་སྣ་བཅས་སྤྱི་ཚོགས་འགན་བཅོལ་ནང་ཞུགས་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། རྒྱུན་སྡོད་ས་གནས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ལ་ཤུགས་སྣོན་བརྒྱབ་སྟེ། གནས་སྡོད་ལག་ཁྱེར་འཁྱེར་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་སྲིད་ཇུས་དོན་འཁྱོལ་བྱེད་པར་ཤུགས་སྣོན་བརྒྱབ་ནས། ཡུལ་གཞན་དུ་སྨན་པ་བསྟེན་པའི་སྨན་རིན་ཐད་ཀར་རྩིས་ཞུ་དོ་དམ་གྱི་ཞབས་ཞུར་ཤུགས་སྣོན་རྒྱག་དགོས། ལས་ཞུགས་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུར་ཤུགས་སྣོན་བརྒྱབ་སྟེ་གཏན་འབེབས་ལྟར་ལས་ཞུགས་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱས་ནས་གཞིས་ཆགས་མེད་པའི་རང་བརྟེན་ལས་གཏོད་མི་སྣའི་ལས་གཏོད་རོགས་སྐྱོར་ཡག་པོ་བྱེད་དགོས། ཐེམ་ཐོ་སྒྱུར་མེད་པའི་རྒྱུན་སྡོད་མི་འབོར་དེ་རྒྱུན་སྡོད་ས་གནས་ཀྱི་བྱིས་པར་གཅེས་སྐྱོང་དང་། རྒན་གསོ་རྒན་རོགས། སྤྱི་ཚོགས་རོགས་སྐྱོབ། དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་སོགས་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་སུ་རིམ་བཞིན་འཇུག་དགོས།
《བསམ་འཆར》ནང་ཁ་གསལ་བཏོན་དོན། རྒྱུན་སྡོད་མི་འབོར་དང་ཞབས་ཞུ་སྒྲུབ་རྒྱ་གཞིར་བཟུང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཀྱི་བར་མཐོངས་བཀོད་སྒྲིག་འཐུས་སྒོ་ཚང་དུ་བཏང་ནས། མི་སྣ་འགྲོ་ཡུལ་གྱི་གྲོང་ཁྱེར་དང་རྫོང་གྲོང་གི་སྤྱི་པའི་ཞབས་ཞུའི་ནུས་པར་ཤུགས་སྣོན་རྒྱག་དགོས། གཞི་རྩའི་སྤྱི་པའི་ཞབས་ཞུའི་སྐས་རིམ་མཁོ་སྤྲོད་ཚད་ལྡན་དུ་བཏང་ནས། གཞི་རྩའི་སྤྱི་པའི་ཞབས་ཞུའི་ཐོན་ཁུངས་དྲང་གཞག་དང་གོ་རིམ་ལྡན་པའི་ངང་བགོ་རྒྱུར་སྐུལ་འདེད་གཏོང་དགོས། ནོར་སྲིད་ཀྱི་སྤོ་སྒྱུར་གཏོང་སྤྲོད་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འབྲེལ་ཡོད་སྤོ་སྒྱུར་གཏོང་སྤྲོད་དེ་རྒྱུན་སྡོད་མི་འབོར་གྱི་རྒྱུ་རྐྱེན་ལ་གཞིགས་ནས་བགོ་བཤའ་རྒྱག་སྟངས་འཐུས་སྒོ་ཚང་དུ་གཏོང་དགོས། གྲོང་ཁྱེར་དང་གྲོང་རྡལ་གྱི་འཛུགས་སྐྲུན་ས་སྤྱོད་གསར་འཕར་གྱི་དམིགས་ཚད་བཀོད་སྒྲིག་དང་རྒྱུན་སྡོད་མི་འབོར་མང་དུ་འགྲོ་བའི་མཐུན་སྦྱོར་ལམ་སྲོལ་བཙུགས་ནས་སློབ་གྲྭ་དང་། སྨན་བཅོས་འཕྲོད་བསྟེན་ལས་ཁུངས། འགན་སྲུང་རང་བཞིན་གྱི་སྡོད་ཁང་སོགས་འཛུགས་སྐྲུན་གྱི་དགོས་མཁོ་སྔོན་ལ་འགན་ལེན་བྱེད་དགོས། གནས་སྡོད་ལག་ཁྱེར་ཕན་ཚུན་འགྲོ་རྒྱུག་ཁས་ལེན་དང་རྒྱུན་སྡོད་ལོ་ཚད་དམ་ཡང་ན་རྒྱུན་སྡོད་སྐར་གསོག་བརྗེ་སྒྱུར་སོགས་ཀྱི་ཉམས་མྱོང་ཁྱབ་གདལ་བཏང་ནས། ཕྱོགས་མིར་གཞི་རྩའི་སྤྱི་པའི་ཞབས་ཞུ་རྒྱུན་མཐུད་ལོངས་སུ་སྤྱོད་ཐུབ་པའི་འགན་ལེན་དང་། གྲོང་ཁྱེར་ཚོགས་པ་དང་གྲོང་ཚོམས་ཀྱི་སྲིད་འཛིན་ཁུལ་སྒྲོལ་བའི་མཉམ་ལས་བྱས་ཏེ་སློབ་གྲྭ་དང་སྨན་ཁང་གཉེར་བར་སྐུལ་འདེད་གཏོང་དགོས། ཞིང་ཆེན་ནང་ཁུལ་དུ་གཞི་རྩའི་སྤྱི་པའི་ཞབས་ཞུའི་ལས་དོན་ཀུན་སྒྲུབ་པ་དང་ཞིང་ཆེན་བསྒྲལ་ནས་ཀུན་སྒྲུབ་པར་སྐུལ་འདེད་གཏོང་དགོས། རྒྱུན་སྡོད་མི་འབོར་ཐོ་འགོད་དང་བསྡོམས་རྩིས་འཐུས་སྒོ་ཚང་དུ་བཏང་ནས་སྡོད་གནས་ལག་ཁྱེར་ཐོ་འགོད་བྱས་པའི་རྒྱུན་སྡོད་མི་འབོར་དང་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཁོངས་སུ་བརྩིས་ནས་རེ་ཞུ་དང་། ཞིབ་བཤེར། རིམ་སྒྲིག ལོངས་སྤྱོད་སོགས་དཔང་ཡིག་གི་ནུས་པ་སྔར་བས་ལེགས་པའི་སྒོ་ནས་འདོན་དགོས།
《བསམ་འཆར》ནང་བླང་བྱ་བཏོན་དོན། ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་ཁག་གིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པ་དང་ཡུལ་བབ་དང་བསྟུན་ནས་རྒྱུན་སྡོད་བྱ་ཡུལ་ས་གནས་ཀྱིས་གཞི་རྩའི་སྤྱི་པའི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཁྱབ་གདལ་གཏོང་བ། དོན་དངོས་དང་ཟུང་འབྲེལ་གྱིས་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བཅས་བྱས་ནས། བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་འཕེལ་རིམ་ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་ཕན་འབྲས་འདྲི་རྩད་བྱེད་ཤུགས་ཆེ་རུ་གཏོང་དགོས། འབྲེལ་ཡོད་སྡེ་ཚན་ཁག་གིས་ཐེམ་ཐོ་སྒྱུར་མེད་པའི་རྒྱུན་སྡོད་མི་འབོར་ལ་གཞི་རྩའི་སྤྱི་པའི་ཞབས་ཞུ་ལོངས་སུ་སྤྱོད་པའི་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ནས་འབྲེལ་ཡོད་གཏན་འབེབས་དུས་ཐོག་ཏུ་ལེགས་སྒྲིག་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།