དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ལོ་ལྔ་ལ་ཁྲི་ལྔའི”གྲོས་འགོའི་བྱེད་སྒོ་སྤེལ་ནས་ལོ་གཉིས་ལྷག་ཙམ་རིང་ཀྲུང་ཨའི་གཞོན་ནུ་ལོ་ཆུང་གིས་མཉམ་དུ་མདུན་སྐྱོད་བྱེད་པ།

    ང་ཚོ་འཚར་ལོངས་བྱུང་བ་དང་སྦྲགས་མཛའ་གྲོགས་ཀྱང་སྔར་བས་ཟབ་ཏུ་འགྲོ་ངེས་རེད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-05-25

    འདི་ནི་ཨ་རིའི་པིན་ཤིས་ཧྥ་ཉི་ཡ་ཀྲོའུ་ཡི་མཐོ་རིམ་སློབ་འབྲིང་གི་སློབ་མས་ཅང་སུའུ་ཡན་ཁྲེང་བཟོ་ལས་སློབ་གླིང་དུ་ཀྲུང་གོའི་ཡིག་གཟུགས་ཉམས་ལེན་བྱེད་བཞིན་པ།

    འདི་ནི་ཀྲུང་ཨའི་མཐོ་སློབ་ཀྱི་གྲི་རྩལ་རུ་ཁག་གི་རུ་མིས་ཆིང་ཧྭ་སློབ་ཆེན་ལུས་རྩལ་ཁང་དུ་གྲི་རྩལ་འགྲན་ནས་འབྲེལ་བ་ཟབ་ཏུ་གཏོང་བ། (ཀྲུང་གོའི་སློབ་གསོ་རྒྱལ་སྤྱིའི་སྤེལ་རེས་མཐུན་ཚོགས་ཀྱིས་མཁོ་འདོན་བྱས)

    འདི་ནི་ཧོ་པེ་ཧྲི་ཅ་ཀྲོང་གྲོང་ཁྱེར་དུ་ཨ་རིའི་གཞོན་ནུ་ལོ་ཆུང་གིས་ཀྲེང་ཏིང་སློབ་འབྲིང་གི་སློབ་མ་དང་མཉམ་དུ“མཛའ་གྲོགས་ལྗོན་ཤིང”འདེབས་བཞིན་པ།

    འདི་ནི་ཨ་རིའི་གཞོན་ནུ་ལོ་ཆུང་གི་གླུ་གཞས་མཉམ་གཏོང་ཚོགས་པའི་ཁོངས་མིས་པེ་ཅིང་སློབ་འབྲིང་བརྒྱད་པར“ཧྥུའུ”ཡིག་ལག་ཏུ་བཟུང་ནས་དྲན་རྟེན་པར་རྒྱག་བཞིན་པ།

    འདི་ནི་ཨ་རིའི“སྟག་འཕུར་རུ་ཁག”གཞོན་ནུ་ལོ་ཆུང་གི་དབྱར་སྒར་གྱི་ཁོངས་མིས་ཧུའུ་པེའི་མི་དབྱིབས་འཕྲུལ་མིའི་གསར་གཏོད་ལྟེ་གནས་སུ་འཕྲུལ་མི་སྤྱོད་སྟངས་ཉམས་ལེན་བྱེད་བཞིན་པ། (ཀྲུང་གོའི་སློབ་གསོ་རྒྱལ་སྤྱིའི་སྤེལ་རེས་མཐུན་ཚོགས་ཀྱིས་མཁོ་འདོན་བྱས)

    མཛའ་གྲོགས་སྤེལ་རེས་ཀྱི་མཉམ་ལས་ནི་ཀྲུང་ཨའི་རྒྱལ་ཁབ་གཉིས་པོའི་དམངས་སེམས་ཕྱོགས་ས་ཞིག་ཡིན། 2023ལོའི་ཟླ་11པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་ཅིའུ་ཅིན་ཧྲན་དུ་གསུང་བཤད་གནང་སྐབས“ཀྲུང་གོ་ཕྱོགས་ཀྱིས་འབྱུང་འགྱུར་ལོ་5ཡི་ནང་ཨ་རིའི་གཞོན་ནུ་ལོ་ཆུང་ཁྲི་5ཀྲུང་གོར་སྤེལ་རེས་དང་སློབ་སྦྱོང་ལ་གདན་ཞུ་བྱེད་འདོད་ཡོད”ཅེས་ཁྱབ་བསྒྲགས་གནང་ཞིང་། “ཀྲུང་ཨའི་འབྲེལ་བའི་རེ་བ་མི་དམངས་ལ་བཅོལ་བ་དང་། རྨང་གཞི་དམངས་ཁྲོད་དུ་ཡོད་པ། འབྱུང་འགྱུར་གཞོན་ནུ་ཚོར་བརྟེན་པ། གསོན་ཤུགས་ས་གནས་སུ་འཕེལ་བ”བཅས་ཀྱི་འདུ་ཤེས་མཐའ་འཁྱོངས་ཀྱིས“ལོ་ལྔ་ལ་ཁྲི་ལྔའི”གྲོས་འགོ་ལག་ལེན་བསྟར་ཚུན། ཀྲུང་ཨའི་གཞོན་ནུ་ལོ་ཆུང་ཚོས་མཉམ་དུ་མདུན་སྐྱོད་བྱས་ཏེ་སྒྱུ་རྩལ་གྱི་གར་སྟེགས་ཐོག་མཉམ་སྒྲོག་དང་། ལུས་རྩལ་གྱི་འགྲན་རའི་ཐོག་མཉམ་འགྲན། ཚན་རྩལ་གསར་གཏོད་ཐད་མཐུན་སྦྱོར་བཅས་བྱས་ནས། ཕན་ཚུན་རྒྱུས་མངའ་དང་འཆམ་མཐུན་ཁྲོད་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་དུས་རབས་གསར་པའི་ཕོ་ཉར་གྱུར་ཏེ། ཀྲུང་ཨའི་མི་ཆོས་རིག་གནས་འགྲོ་འོང་བྱེད་ཟབ་ཏུ་དང་ཕྱོགས་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལང་ཚོའི་སྒུལ་ནུས་བསྣན་རྒྱུ་རེད།

    ངོ་ཐུག་གདོང་འཕྲད་བྱས། ལང་ཚོའི་འདུན་པ་བཅིངས།

    “ང་ཚོར་བག་ཆགས་ཟབ་ཤོས་འཇོག་མཁན་ནི་ས་གནས་དེ་གའི་མི་རྣམས་ཡིན”

    ད་ལོའི་དཔྱིད་གསར་དུས་ཆེན་རིང་། ཨ་རིའི་མཱ་ལི་ལན་ཀྲོའུ་ཡི་དགེ་སློབ་45ལས་གྲུབ་པའི་གཞོན་ནུ་ལོ་ཆུང་གི་ཕི་ཁེ་སྤོ་ལོའི་རིག་གནས་སྤེལ་རེས་ཀྱི་འཚམས་འདྲི་ཚོགས་པ་ཀྲུང་གོར་འབྱོར་ཞིང་། ཁོང་ཚོས་ཀོང་ཏུང་ཧྲེན་ཀྲེན་ནས་བྱང་ཕྱོགས་སུ་བསྐྱོད་དེ་ཅང་ཤིས་ཧྲང་ཡིའུ་དང་ཧོ་ནན་ཧོ་པི་བརྒྱུད་མཐར་པེ་ཅིང་དུ་འབྱོར་ནས་ཀྲུང་གོར་དཔྱིད་གསར་དུས་ཆེན་གྱི་དམངས་སྲོལ་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཉམས་ལེན་ཟབ་མོ་བྱས་པ་དང་། ཀྲུང་གོའི་གྲོང་ཁྱེར་གྱི་དབྱར་མཚོ་རྒྱས་པ་ལྟར་གྱི་གསར་གཏོད་ཀྱི་གསོན་ཤུགས་དང་སྟབས་བདེ་ཞིང་ནུས་ཆེའི་འགྲིམ་འགྲུལ་དྲ་བའི་དཔང་པོ་བྱས་པ། ཀྲུང་གོའི་ཉིན་རེ་བཞིན་འཕེལ་རྒྱས་ཕྱིན་པའི་རྣམ་པ་དངོས་སུ་ཚོར་བར་བྱས་ཡོད། ཀྲུང་ཨའི་སློབ་མ་ཚོས་མཉམ་དུ་འཛོམས་ནས་དཔྱིད་གསར་ཆ་ཡིག་འབྲི་བ་དང་། ཁྲ་མའི་སྦྱར་རིས་འབྲེག་པ། ཆུ་མོག་བཟོ་བ་བཅས་བྱས་ནས། དམངས་སྲོལ་ཉམས་ལེན་དང་རྒྱུན་ལྡན་གྱི་མཉམ་གཤིབ་ཁྲོད་ཕན་ཚུན་བརྩེ་བ་ཆེ་རུ་དང་ཟོལ་མེད་མཛའ་གྲོགས་ཟབ་ཏུ་བཏང་ཡོད་པ་རེད།

    “ཀྲུང་གོར་བསྐྱོད་པ་དེ་སྐྱིད་ལ་བརྗེད་པར་དཀའ་བ་ཞིག་བྱུང་། ལྷག་པར་དུ་དཔྱིད་གསར་དུས་ཆེན་རིང་ཀྲུང་གོར་བསྐྱོད་པས་མྱོང་ཚོར་མི་འདྲ་བ་ཞིག་འདུག ཀྲུང་གོའི་གྲོགས་པོ་མང་པོ་ཞིག་གིས་ང་ཚོར་སྣེ་ལེན་གཟབ་རྒྱས་བྱས་ནས་རང་ཁྱིམ་དུ་ལོག་པ་ལྟ་བུའི་སྣང་བ་ཞིག་བྱུང་། ཁོང་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཨ་རིའི་མཱ་ལི་ལན་ཀྲོའུ་མོང་ཀོ་མ་ལི་ཅུན་སློབ་གསོ་ཅུས་དང་ལུས་རྩལ་པུའུ་ཡི་ཀྲུའུ་རེན་ཅེ་ཧྥེ་ལི·ཧྲ་ལི་ཝུན་གྱིས། ཨ་ཀྲུང་སློབ་མ་ཚོས་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་དང་འགྲོ་འོང་བྱས་ཏེ་མཛའ་གྲོགས་ཀྱི་འབྲེལ་བ་ཟབ་མོ་བཙུགས་ཡོད། “ང་ཚོས་ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་འབྲེལ་བ་ཟབ་ཏུ་གཏོང་ཆེད་འབྲེལ་ཟམ་བཏོད་དེ། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་ལེགས་སྐྱེས་འབུལ་ཐུབ་པར་སྤོབས་པ་ཆེན་པོ་སྐྱེ་ཡི་འདུག”ཅེས་བརྗོད།

    “ལོ་ལྔ་ལ་ཁྲི་ལྔའི”གྲོས་འགོ་ལག་ལེན་བསྟར་བ་དང་སྦྲགས། ཀྲུང་ཨའི་གཞོན་ནུ་ལོ་ཆུང་གི་སྤེལ་རེས་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་ཕྱིན་ནས། རྣམ་པ་རྒྱུན་ཆད་མེད་པར་གསར་གཏོད་ཀྱིས་བཀྲག་མདངས་འཚེར་ས་མང་པོ་མངོན་ཡོད། ཨ་རིའི་གཞོན་ནུ་ལོ་ཆུང་གིས་ཀྲུང་གོར་སྤེལ་རེས་དང་སློབ་སྦྱོང་བྱེད་པར་སྐྱོད་པའི་གྲོས་འགོ་དང་ལེན་ཧུར་ཐག་བྱས་ཏེ་ཞི་བདེ་རྒྱ་མཚོ་ཆེན་པོ་སྒྲོལ་བའི་མཛའ་གྲོགས་ཀྱི་ཕོ་ཉར་གྱུར་ཡོད།

    རི་ཀླུང་བརྒལ་བའི་མཉམ་འཛོམས་རེ་རེ་དང་སེམས་གཏིང་གི་སྤེལ་རེས་རེ་རེ་ལས་ཀྲུང་ཨའི་གཞོན་ནུ་ལོ་ཆུང་ཚོས་བྱེད་སྒོའི་ཁྲོད་མངོན་གསུམ་གྱི་ཀྲུང་གོ་ཤེས་ཚོར་ཐུབ་ཡོད་ལ། ཟོལ་མེད་ཀྱི་མཛའ་གྲོགས་ཟབ་མོའང་བཙུགས་ཡོད།

    རིག་གནས་ལུས་རྩལ་འབྲེལ་ཟམ་བཙུགས། ཕན་ཚུན་སྤེལ་རེས་རྒྱུས་ལོན་བྱས།

    “རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་འབྲེལ་བ་ནི་མི་དང་མིའི་དབར་གྱི་བརྩེ་བ་ནས་འགོ་བརྩམས་པ་ཞིག་ཡིན”

    ཀྲུང་ཨའི་འབྲེལ་བའི་རྨང་གཞི་ནི་མི་དམངས་ཀྱིས་འདིང་དགོས་པ་དང་འབྱུང་འགྱུར་ནི་གཞོན་ནུ་ཚོར་བརྟེན་དགོས།

    “ལོ་ལྔ་ལ་ཁྲི་ལྔའི”གྲོས་འགོའི་སྒྲོམ་གཞིའི་འོག རྒྱལ་ཁབ་གཉིས་པོའི་སློབ་མས་སྤེལ་རེས་མཉམ་ལས་ཁྲོད་ཕན་ཚུན་ཤེས་རྟོགས་དང་བརྩེ་བ་ཟབ་ཏུ་བཏང་ནས། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པའི་ཁྲོད་མཉམ་དུ་མདུན་སྐྱོད་ཀྱིས་མཛའ་གྲོགས་ཀྱི་འབྲེལ་བ་ཐུན་མོང་ཐོག་ཟབ་ཏུ་བཏང་སྟེ། ཀྲུང་ཨའི་འབྲེལ་བ་བརྟན་ལྷིང་དང་། སྐྱོན་བྲལ། རྒྱུན་མཐུད་ཆོག་པ་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དམངས་ཁྲོད་མཛའ་གྲོགས་ཀྱི་རྨང་གཞི་བརྟན་དུ་བཏང་ཡོད།

    སྤོ་ལོ་མཚམས་སྦྱོར་དུ་བྱས་ནས་ཟོལ་མེད་བརྩེ་བ་བཅངས་ཏེ“ལོ་ལྔ་ལ་ཁྲི་ལྔའི”གྲོས་འགོས“ཕིང་ཕང་སྤོ་ལོའི་ཕྱི་འབྲེལ”གྱི་ལེའུ་མུ་མཐུད་རྩོམ་པ།

    ཨ་རིའི་སློབ་མ་ཝུན་སེན་ཐེ་ཡིས“སྐད་བརྡ་ནི་འབྲེལ་གཏུག་གི་བཀག་རྒྱ་ཞིག་མིན་པ་དང་། ལུས་རྩལ་གྱིས་ང་ཚོ་མཉམ་དུ་སྦྲེལ་ཡོད། ང་ཚོས་ལག་བརྡ་དང་རྐང་ལག་གི་འགུལ་སྟངས་ལ་བརྟེན་ནས་འབྲེལ་གཏུག་བྱས་པས་མགྱོགས་མྱུར་མཐུན་སོང”ཞེས་བརྗོད། འདི་ལོའི་ཟླ་2པར། ཨ་རིའི་མཱ་ལི་ལན་ཀྲོའུ་ཡི་གཞོན་ནུ་ལོ་ཆུང་གི་ཕི་ཁེ་སྤོ་ལོའི་རིག་གནས་སྤེལ་རེས་ཀྱི་འཚམས་འདྲི་ཚོགས་པས་ཀྲུང་གོར་འཚམས་འདྲི་བྱེད་རིང་། ཀྲུང་ཨའི་གཞོན་ནུ་ལོ་ཆུང་གི་མཉམ་བསྲེས་རུ་ཁག་གི་འགྲན་བསྡུར་ཐེངས་བཞི་བྱས་ཤིང་། ཀྲུང་གོར་ཡོང་ཐེངས་དང་པོ་ཡིན་པའི་ཝུན་སེན་ཐེ་ཡིས་ཆིང་ཧྭ་སློབ་ཆེན་གྱི་ལུས་རྩལ་ཁང་བྱང་མར་གཉེར་བའི་ཕི་ཁེ་སྤོ་ལོའི་འགྲན་བསྡུར་ནང་ཀྲུང་གོའི་སློབ་མ་ཀྲང་ཝུན་ཧའོ་དང་མཉམ་དུ་སྐྱེས་པའི་ཆ་རྒྱག་འགྲན་བསྡུར་གྱི་ཨང་གཉིས་པ་བླངས་ཡོད། འགྲན་བསྡུར་རེ་རེའི་ནང་ཀྲུང་ཨའི་སྤོ་ལོའི་རུ་མི་ཚོས་རུ་ཁག་བཟོས་ཏེ་འགྲན་བསྡུར་དང་གྲོས་བསྡུར་སྤེལ་རེས་གཏིང་ཟབ་བྱས་པས། གང་སར་སྤོ་ལོ་རྒྱག་པའི་སྒྲ་དང་དགའ་སྤྲོའི་དགོད་སྒྲས་ཁེངས་ནས་མཛའ་གྲོགས་རྒྱུན་མཐུད་ཟབ་ཏུ་ཕྱིན་ཡོད།

    རིག་གནས་སྦྲེལ་ཟམ་དུ་བྱེད་པ་དང་གསར་གཏོད་ལ་བརྟེན་ནས་ངོས་འཛིན་གཅིག་མཐུན་ཡོང་བར་བྱས་ཏེ“ལོ་ལྔ་ལ་ཁྲི་ལྔའི”གྲོས་འགོས་ཕན་ཚུན་ཤེས་རྟོགས་དང་འབྲེལ་ཟམ་བཙུགས་པ།

    “རྒྱལ་སྤྱིའི་གར་སྟེགས་ཐོག་ཀྲུང་གོས་ནུས་པ་དེ་བས་ཆེ་བ་འདོན་བཞིན་ཡོད། ངས་ཀྲུང་གོའི་ལོ་རྒྱུས་དང་རིག་གནས་ཤེས་རྟོགས་གཏིང་ཟབ་བྱས་ཏེ་ཀྲུང་གོར་རྒྱུས་མངའ་ཡོད་མཁན་ཞིག་ཏུ་འགྱུར་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་ཨ་རིའི་སློབ་མ་ཧྥུའུ་ལང་ཉིང་གིས་བརྗོད་པ་དང་། ཁོང་གིས་རྒྱ་ཡིག་ཆེད་ལས་འདེམས་སྦྱོང་བྱས་པ་དང་ད་བར་རྒྱ་ཡིག་སྦྱངས་ནས་ལོ་7སོང་ཡོད། ན་ནིང་ཀྲུང་གོ་རྡོ་སྣུམ་སློབ་ཆེན(པེ་ཅིང)གྱིས་གཉེར་བའི་རིག་གནས་སྤེལ་རེས་སྒར་གྱི་བྱེད་སྒོར་ཞུགས་པ་དང་། ཁོང་གིས་རྒྱ་སྐད་སྦྱོང་བ་དང་ཀྲུང་གོ་ཤེས་རྟོགས་བྱེད་པར་སློབ་ཁྲིད་ཁོ་ན་ཙམ་མིན་པར། ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་བྱེད་པ་དང་མྱོང་བ་དངོས་ཀྱི་ཐོག་ནས་རིག་གནས་མི་འདྲ་བ་ཤེས་རྟོགས་བྱ་རྒྱུ་དེ་བས་ཀྱང་གལ་འགངས་ཆེ་ཞེས་བརྗོད།

    2024ལོའི་དབྱར་སྒར་དང་བསྡུར་ན། 2025ལོའི་ཀྲུང་གོ་རྡོ་སྣུམ་སློབ་ཆེན(པེ་ཅིང)གྱི་སྤེལ་རེས་སྒར་ལ་ཀྲུང་གོའི་རིག་གནས་ཀྱི་ཉམས་ལེན་གཏིང་ཟབ་བྱེད་སྒོ་མང་དུ་བཏང་སྟེ་ཨ་རིའི་གཞོན་ནུ་ལོ་ཆུང་ཚོས་དེ་བས་ཆ་ཚང་བ་དང་ཕྱོགས་ཡོངས་ཀྱི་སྒོ་ནས་ཀྲུང་གོར་རྒྱུས་མངའ་ལོན་པར་བྱས་ཡོད། ཕོ་བྲང་རྙིང་མ་དང་ལྕགས་རི་རིང་པོ་སོགས་གནའ་ཤུལ་གྲགས་ཅན་དུ་ལྟ་སྐོར་བྱས་ཏེ་ཀྲུང་གོའི་སྲོལ་རྒྱུན་གྱི་ལོ་རྒྱུས་རིག་གནས་ཉམས་སུ་མྱངས་པ་ཕུད། ཁོང་ཚོས་ད་དུང་འབེལ་འདུ་ཚན་རྩལ་གླིང་དང་། ཞའོ་སྨི་རླངས་འཁོར་བཟོ་གྲྭ པེ་ཅིང་ཏཱ་ཤིང་རྒྱལ་སྤྱིའི་ཆིང་ནུས་དཔེ་སྟོན་ཁུལ་སོགས་སུའང་བསྐྱོད་དེ་ཀྲུང་གོའི་ཚན་རྩལ་ཐོན་ལས་འཕེལ་རྒྱས་དབྱར་མཚོ་རྒྱས་པ་ལྟ་བུའི་རྣམ་པར་བལྟས་པ་རེད།

    ཐུན་མོང་ངོས་འཛིན་གཅིག་ཏུ་བསྒྲིལ། མཛའ་གྲོགས་སྤེལ་རེས་ཟབ་ཏུ་བཏང་།

    “ཨ་ཀྲུང་གི་གཞོན་ནུ་ལོ་ཆུང་གི་སྤེལ་རེས་ལམ་བུ་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡངས་སུ་དང་དེ་ཙམ་གྱིས་རིང་དུ་འགྲོ་རྒྱུ་རེད”

    འཛམ་གླིང་དུ་ཕྱོགས་གཉིས་པོའི་འབྲེལ་བ་གལ་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པའི་ཀྲུང་ཨའི་འབྲེལ་བར་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་སྐྱེད་སྲིང་ཞིབ་ཚགས་དང་ཡུན་རིང་གཅེས་སྐྱོང་བྱེད་དགོས་ཤིང་། རྒྱུན་རྣམ་ཅན་གྱི་སྒོ་ནས་གཞོན་ནུ་ལོ་ཆུང་གི་སྤེལ་རེས་བྱེད་པ་ནི་ཀྲུང་ཨའི་མཛའ་གྲོགས་ཟབ་ཏུ་གཏོང་བ་དང་ཕྱོགས་གཉིས་ཀྱི་འབྲེལ་བ་ལེགས་སུ་གཏོང་བའི་སྐྱེ་སྟོབས་རབ་འཕེལ་གྱི“དཔྱིད་རྨོད”ལྟ་བུ་རེད།

    ཨ་རིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཞེ་ཧྥུང་གིས“གཞོན་ནུ་ལོ་ཆུང་ནི་མི་ཆོས་རིག་གནས་སྤེལ་རེས་ཀྱི་གསོན་ཤུགས་ཆེ་ཤོས་ཀྱི་ཚོགས་སྤྱི་ཞིག་རེད”ཨ་རིའི་གཞོན་ནུ་ལོ་ཆུང་དེ་བས་མང་བ“ལོ་ལྔ་ལ་ཁྲི་ལྔའི”གྲོས་འགོར་ཞུགས་ཏེ་ཀྲུང་གོར་ཞིབ་འཇུག་སློབ་སྦྱོང་དང་། སློབ་སྐོར། སློབ་སྦྱོང་བཅས་ལ་ཡོང་ནས་མངོན་སུམ་དང་ཕྱོགས་ཡོངས་ཀྱི་ཀྲུང་གོར་བལྟས་ཏེ་ལང་ཚོར་གཟི་མདངས་སྣོན་པ་དང་མི་ཚེར་བཀྲག་མདངས་སྣོན་རྒྱུའི་དགའ་བསུ་ཞུ་རྒྱུ་ཡིན། རྒྱལ་ཁབ་གཉིས་པོའི་གཞོན་ནུ་ལོ་ཆུང་གིས་སྔ་རྗེས་སུ་འགྲོ་འོང་ལ་ཤུགས་སྣོན་དང་མཛའ་གྲོགས་ཟབ་ཏུ་བཏང་སྟེ་ཀྲུང་ཨའི་མཛའ་གྲོགས་ཀྱི་ཤུལ་འཛིན་པ་དང་། ལག་ལེན་པ། གསར་འབྱེད་པ་བཅས་སུ་འགྱུར་རྒྱུའི་རེ་བ་ཡོད་ཅེས་བརྗོད།

    ཨ་རིའི་མོ་ཞི་ཁོ་ཀྲོའུ་གསར་པའི་ཀྲོའུ་བཙུགས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཁེན་ཉི་སེ·ཧ་མོང་ཏེས། ཉེ་བའི་ལོ་ཤས་རིང་། ཨ་ཀྲུང་སློབ་གསོའི་སྒྲིག་གཞིས་སྤེལ་རེས་ཀྱི་འབྲེལ་ཟམ་བཙུགས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཕན་ཚུན་རྒྱུས་མངའ་ལོན་པ་དང་སྲོལ་རྒྱུན་མཛའ་གྲོགས་ཟབ་ཏུ་གཏོང་བར་རྒྱུན་མཐུད་སྐུལ་འདེད་བཏང་ཡོད། གཞོན་ནུ་ལོ་ཆུང་དབར་ངོ་ཐུག་སྤེལ་རེས་ཟབ་མོ་བྱེད་པ་དེས་ཕན་ཚུན་གྱི་རིག་གནས་ཐད་ཀར་ཉམས་ལེན་དང་ཟོལ་མེད་ཀྱི་མཛའ་གྲོགས་ཆགས་པས་དེ་ནི་ཡིད་ཆེས་ཆེ་རུ་དང་དོགས་འཆར་སེལ་བ་དང་ཨ་ཀྲུང་འབྲེལ་བ་བརྟན་བགྲོད་རྒྱང་འཁྱོལ་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་བྱས་པ་རེད།

    “ལོ་ལྔ་ལ་ཁྲི་ལྔའི”གྲོས་འགོར་དོན་སྙིང་གལ་ཆེན་ལྡན་པ་དང་། ཞི་བདེ་རྒྱ་མཚོ་ཆེན་པོས་ཆོད་པའི་དམངས་ཁྲོད་ཀྱི་མཐུན་འབྲེལ་བསྐྱར་གསོ་དང་ཨ་ཀྲུང་དབར་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་རྒྱུར་གསོན་ཤུགས་བསྣན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།