མཚོ་སྔོན་ཁུ་ཁུ་ཤིས་རི་རང་བྱུང་སྲུང་སྐྱོང་ཁུལ་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པས“སྒྲུབ་བསམ་ཡང་སྒྲུབ་མི་ཐུབ་པའི”དཀའ་ངལ་ཁྱད་བསད་བྱས་པ།

མཚོ་སྔོན་ཁུ་ཁུ་ཤིས་རི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་ནས་ནུབ་ཕྱོགས་སུ་སྐྱོད་སའི་འགྲོ་ལམ་མེད་པས། རླངས་འཁོར་7སྔ་རྗེས་སུ་འཁོར་ཤུལ་དེད་ནས་མདུན་དུ་སྐྱོད་བཞིན་མཆིས། རླངས་འཁོར་ཡོམ་ཆེ་རུང་ཁུ་ཁུ་ཤིས་རི་རང་བྱུང་སྲུང་སྐྱོང་ཁུལ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ངག་དབང་བསྟན་པའི་གདོང་ལས་དངངས་འཚབ་ཅི་ཡང་མི་མངོན།
ཉིན་གཅིག་གི་གོང་དུ་། ཁོང་ཚོ་རྩོ་ནག་མཚོའི་འགྲམ་དུ་ཞག་སྡོད་བྱས་པ་དང་། ཉིན་ཕྱེད་ཙམ་བསྐྱོད་རྗེས་གངས་རིའི་གསེབ་ནས་ལུང་ཤུར་ཞིག་མངོན་ཞིང་། ངག་དབང་བསྟན་པས“ང་ཚོས་ལུང་ཤུར་འདིར་བདེ་སྐྱིད་ལུང་ཤུར་ཞེས་འབོད་ཀྱི་ཡོད། འདི་གར་ཆུ་སྤུས་ཡག་པོ་ཡོད་པས་བཏུངས་ནའང་གྲོད་པ་བཤལ་གྱི་མེད། ང་ཚོ་འདི་གར་ཡོང་རིམ་བཞིན་ཆུ་འགྱིག་དམ་རྡག་རྡག་བརྒྱངས་ནས་འཁྱེར་འགྲོ་གི་ཡོད”ཅེས་བརྗོད།
ཁུ་ཁུ་ཤིས་རིའི་ས་ཆ་མང་ཆེ་བར་ས་བབ་སྨི་4500ལྷག་ཙམ་ཟིན་ཞིང་། འོད་འཕྲོ་ཤུགས་ཆེ་བ་མ་ཟད། ད་དུང་ས་ཁོངས་སུ་གཏེར་ཁའང་ཡོད། ས་ངོས་ཀྱི་ཆུ་མང་པོ་ཞིག་བ་ཚྭ་ཡིན་པས། ཆུ་ཁུངས་ཀྱི་ཧྥུལ་འདུས་ཚད་དང་དངུལ་ཆུ་འདུས་ཚད་ཚད་ལས་བརྒལ་ཡོད། ཆུ་འདི་འདྲ་དུས་ཡུན་རིང་པོ་བཏུངས་པས་སྤྱི་བདེ་ཅུས་དེའི་མི་མང་པོ་ཞིག་གི་སོ་ཡག་པོ་མེད།
ངག་དབང་བསྟན་པས་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ནས་ཁུ་ཁུ་ཤིས་རིའི་གཏེར་རྫས་ཁྱབ་ཚུལ་དཔེ་རིས་ཤིག་གཡར་ཡོང་། ཉམས་མྱོང་ལྟར་ན་གཏེར་ཁའི་ཉེ་འགྲམ་གྱི་ཆུ་སྤུས་ཡག་པོ་མེད་པས། བརྟག་དཔྱད་ཡང་ཡང་བྱས་རྗེས། བློ་བདེའི་འཐུང་ཆུ་ལེན་སར་རྟགས་བརྒྱབ་པ་རེད།
ལོ་འགའ་རིང་། དམིགས་བསལ་གྱི་འཐུང་ཆུ་ལེན་ས་འདི་གཏན་འཁེལ་བས། ཁོང་ཚོས་འཁོར་གཏོང་ལམ་ཐིག་དང་། རླངས་འཁོར་ཉམས་བཟོ། སྐོར་སྲུང་མི་སྣའི་ལམ་ཚད་གྲངས་འབོར། ཛ་དྲག་མྱུར་སྐྱོབ། རི་སྐྱེས་སྲོག་ཆགས་ལྟ་ཞིབ་སོགས་ཀྱི་ཐད་ལའང་རྩིས་ཁྲ་བཟོས་ཡོད་པ་རེད།
ཉེ་དུས། བརྙན་འཕྲིན་འཁྲབ་ཚན《བླ་ཤིང》ཚ་ཚ་འུར་འུར་ངང་བསྟན་དང་སྟོན་བཞིན་ཡོད་པ་དང་། བརྙན་འཕྲིན་འཁྲབ་ཚན་ནང་གི་བོད་ལ་མོ་ལམ་ཞེས་པ་ནི་ཁུ་ཁུ་ཤིས་རི་ཡིན་ཞིང་། ལོ་30ཡི་རིང་། ཁུ་ཁུ་ཤིས་རིར་རྔོན་རྒྱག་པའི་མེ་མདའི་སྒྲ་གྲགས་མྱོང་མེད། འོན་ཀྱང་དེ་ཐོག་ནས་ཁུ་ཁུ་ཤིས་རི་རྦད་དེ་ལྷིང་འཇགས་སུ་གནས་པ་མཚོན་གྱི་མེད་ཅིང་། ཁྲིམས་དང་མི་མཐུན་པར་རང་དགར་འཛུལ་བ་ནི་ཉེ་བའི་ལོ་ཤས་རིང་ཁུ་ཁུ་ཤིས་རིའི་སྐྱེ་ཁམས་ཀྱི་གནོད་འཚེ་ཆེ་ཤོས་ཤིག་ཏུ་གྱུར་ཡོད་པ་རེད།
ངག་དབང་བསྟན་པ་དང་ལས་རོགས་ཚོས་སྐོར་སྲུང་བྱེད་ཤུགས་ཆེ་རུ་དང་ཐེངས་གྲངས་མང་དུ་བཏང་ནས། ཟླ་རེར་ཉུང་མཐར་ཡང་རུ་སྣེ་ཁྲིད་དེ་ལྷོ་བྱང་ཕྱོགས་སུ་སྐོར་སྲུང་ཐེངས་རེ་བྱེད་པ་དང་། ཐེངས་རེར་གཟའ་འཁོར་གཉིས་ལྷག་ཙམ་འགོར་གྱི་ཡོད་མོད། འོན་ཀྱང་ཕན་འབྲས་ཆེན་པོ་ཐོན་གྱི་མེད། ངག་དབང་བསྟན་པས། ཁྲིམས་དང་མི་མཐུན་པར་རང་དགར་འཛུལ་བའི་རྒྱབ་ཏུ་ཐོན་ལས་འཁོར་འབྲེལ་ཞིག་ཡོད་དེ“གཏེ་དཔོན”ཚོས་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱིས་དྲ་རྒྱའི་ཐད་གཏོང་ཁང་དུ་པར་རིས་སྟོན་པ་དང་ལམ་ཐིག་གི་ལམ་རིན་བསྡུ་བར་བརྟེན་ནས་འགྲུལ་པ་འགུག་ཐབས་བྱེད་པ་མ་ཟད། ད་དུང་ཆེད་མི་འགའ་ཞིག་གིས་རྗེས་འདེད་སོ་ལྟ་བྱེད་པ་དང་། ཆེད་མི་འགའ་ཞིག་གིས་ཟ་སྡོད་འགན་ལེན་དང་ལམ་ཐིག་གི་རུ་སྣེ་འཁྲིད་པའི་འགན་འཁུར་གྱི་ཡོད་ཅེས་ངོ་སྤྲོད་བྱས།
སྟེས་དབང་གི་གོ་སྐབས་ཤིག་ལ་ངག་དབང་བསྟན་པར་མི་ཞིག་གིས་ཁུ་ཁུ་ཤིས་རིའི་མཛེས་ལྗོངས་བརྙན་ལམ་འོག་ཏུ“ང་ལ་སྒེར་འཕྲིན་བསྐུར་དང་། ཁྱེད་རང་མི་གཞན་འགྲོ་མི་ཐུབ་པའི་ཁུ་ཁུ་ཤིས་རིར་འཁྲིད་ཆོག”ཅེས་པའི་ཡི་གེ་བཞག་པ་མཐོང་། སྔར་བས་རྗེས་སྙེག་བྱས་རྗེས་ཐད་གཏོང་ཁང་ཁ་ཤས་ནང་ནས་མི་མེད་ཁུལ་དུ་འགྲོ་བའི་ལམ་ཐིག་ངོ་སྤྲོད་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་བས། སྐབས་དེའི་རིང་ཁོང་གིས་ཐད་གཏོང་ཁང་དུ་ལྟ་ཞིབ་བྱས་ནས་བསྡད། འོན་ཀྱང་ཁྲིམས་དང་མི་མཐུན་པར་འཛུལ་མཁན་གྱི་འགུལ་རྣམ་གསར་པ་ཁོང་དུ་ཆུད་པ་ཙམ་གྱིས་གནད་དོན་ད་དུང་ཐག་གཅོད་ཐུབ་ཀྱི་མེད་པ་རེད།
ཁུ་ཁུ་ཤིས་རིའི་མི་མེད་ཁུལ་དུ་ཞིབ་འཇུག་ཁང་མང་པོ་ཞིག་འདི་གར་ལོ་ཧྲིལ་པོར་ཚན་རིག་ཞིབ་འཇུག་བྱེད་བཞིན་ཡོད། ཀྲུང་གོ་ཚན་རིག་ཁང་ནུབ་བྱང་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་ཡིས་ཡུན་རིངའདི་གར་གཙོད་གནས་སྤོའི་་ཞིབ་འཇུག་བྱས་ཤིང་། མཚོ་བོད་ལམ་རྒྱུད་དུ་ཞིབ་འཇུག་ས་ཚིགས་བཙུགས་པ་མ་ཟད། འགག་རྩའི་གནས་སུ“5Gསྒུལ་བདེའི་སོ་དམག”དང་གློག་མིག་ཀྱང་བསྒར་ཡོད། ཐེངས་གཅིག་དེ་གར་ཞག་སྡོད་བྱེད་སྐབས་ངག་དབང་བསྟན་པས་ཉེ་ཆར་ཁྲིམས་དང་མི་མཐུན་པར་འཛུལ་བའི་རླངས་འཁོར་གྱི་ཁུངས་སྣེ་གཏན་ནས་རྙེད་ཀྱི་མི་འདུག་ཅེས་བརྗོད་པར། ཞིབ་འཇུག་པ་ལི་ཆོན་པང་ལ་གནས་ཚུལ་དེ་རིགས་རྒྱུས་མངའ་ཆེན་པོ་ཡོད་པ་མ་ཟད། ཁོང་གིས། ཉེ་ཆར་གཙོད་གནས་སྤོའི་གྲངས་གཞི་ལེགས་སྒྲིག་བྱེད་སྐབས་རྟག་ཏུ་གློག་མིག་ནང་ནས་ཁྲིམས་དང་མི་མཐུན་པར་ཁུ་ཁུ་ཤིས་རིར་འཛུལ་བའི་རླངས་འཁོར་ཁ་ཤས་མཐོང་བྱུང་། ཞིབ་མོར་བལྟས་ན་འཁོར་རྟགས་ཀྱང་གསལ་པོར་མཐོང་གི་འདུག་ཅེས་བརྗོད།
ད་དུང་མཉམ་འགོག་མཉམ་བཅོས་བྱེད་དགོས། ངག་དབང་བསྟན་པར་དེ་མ་ཉིད་དུ་བློ་སྐྱེད་ཆེན་པོ་བྱུང་ཞིང་། ཁོང་གིས“ང་ཚོས་མཉམ་དུ་སྒོ་བྱང་ཞིག་བཀལ་ནས་ཁྱེད་ཚོས་ཤེས་རྟོགས་བྱུང་བའི་གནད་དོན་དུས་ཐོག་ཏུ་ང་ཚོར་ལན་སྤྲད་ན་འགྲིག་གམ”ཞེས་དྲིས་པར། ཕར་ཕྱོགས་ཀྱིས་མོས་མཐུན་བྱས། ཕུགས་ཕན་མཉམ་ལས་ལ་འགན་ལེན་བྱ་ཆེད། ཁུ་ཁུ་ཤིས་རི་སྤྱི་བདེ་ཅུས་ཀྱིས་ཞིབ་འཇུག་སུའོ་དེའི་སྨིག་པ་ལ་སྒང་ས་ཚིགས་སུ་ལས་སྒྲུབ་ས་ཚིགས་བཙུགས་ནས་མི་མངགས་ཏེ་རྒྱུན་སྡོད་ལས་རེས་བྱེད་འགོ་ཚུགས་པ་རེད།
མཉམ་འབྲེལ་གྱི་བསམ་བློ་འཁོར་བ་དང་བསྟུན་ནས་ཐབས་ལམ་ཡང་ཇེ་ཡངས་སུ་ཕྱིན་ཞིང་། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་འཚོགས་པའི་སྐྱེ་ཁམས་སྲུང་སྐྱོང་གི་ཁྲིམས་སྒྱུར་ཉམས་མྱོང་སྤེལ་རེས་ཚོགས་འདུ་ཞིག་གི་ཐོག་ངག་དབང་བསྟན་པར་ས་གནས་ཁ་ཤས་སུ་ས་ཁོངས་ལས་བརྒལ་བའི་ཁྲིམས་སྒྱུར་བྱེད་ཀྱི་ཡོད་པའི་སྐོར་གྱི་ཉམས་མྱོང་ཐོས་རྗེས་ཡིད་ཆེས་དེ་བས་བརྟན་དུ་ཕྱིན་ཞིང་། ཁོང་གིས“འདི་ནི་རྩ་བཅོས་བྱ་ཐབས་ཤིག་རེད། སྲིད་འཛིན་གྱི་མཚམས་ཐིག་མེད་པ་བཟོས་ནས་ཆ་འཕྲིན་མཉམ་སྤྱོད་བྱས་ན‘རང་རང་སོ་སོ་རི་སྐོར’བྱེད་པའི་ཞན་ཆ་སེལ་ཐུབ་པ་མ་ཟད། ད་དུང་ཕན་ཚུན་ལྟ་རྟོག་ཐུབ་ནས་རི་སྐོར་གྱི་དངོས་ཟོག་དང་མི་ཤུགས་ཀྱི་མ་གནས་དམའ་རུ་གཏོང་ཐུབ”ཅེས་བརྗོད།
ཉེ་དུས། ངག་དབང་བསྟན་པས་ལས་རིགས་མི་མེད་གནམ་གྲུ་སྤྱོད་སྟངས་ཤེས་ཤིང་། ཁོང་གིས“ཚན་རྩལ་ལ་བརྟེན་ནས་ཉེན་རྟོག་སྟོབས་ཤུགས་ཆེ་རུ་གཏོང་དགོས་ཞེས་རྟག་ཏུ་བརྗོད་ཀྱི་ཡོད་པས། ང་ཚོས་འབོད་ཚིག་སྒྲོག་པ་ཙམ་གྱིས་མི་འགྲིག་པར་སློབ་སྦྱོང་དེ་བས་བྱེད་དགོས། དེ་སྔོན་སྐོར་སྲུང་བྱེད་སྐབས་རླངས་འཁོར་རྟག་ཏུ་འདམ་རྫབ་ནང་ཚུད་ནས་དུས་ཚོད་མང་པོ་འཕྲོ་བརླག་འགྲོ་གི་ཡོད། ད་ཆ་མི་མེད་གནམ་གྲུ་ཆུ་ཚོད་4ཙམ་འཕུར་ཐུབ་པ་མ་ཟད། འཁོར་ལོ་4ལས་དེ་བས་མགྱོགས་པ་འདུག དགོང་མོ་སྒར་ཡག་པོ་བརྒྱབ་རྗེས། མི་དམངས་ཉེན་རྟོག་པ་ཚོས་ཁོམ་པ་བཙལ་ནས་མཉམ་དུ་སློབ་སྦྱོང་དང་སྦྱོང་བརྡར་བྱེད་ཀྱི་ཡོད་པས། ད་ཆ་རུ་ཁག་ནང་གི་མི་མང་ཆེ་བས་མི་མེད་གནམ་གྲུ་སྤྱོད་ཤེས་ཀྱི་ཡོད”ཅེས་བརྗོད།
སྐོར་ཞིབ་བྱེད་སྐབས་ཚན་རྩལ་ལག་རྩལ་སྤྱོད་པའི་ཐད་གཙང་གསུམ་ཆུ་འགོར་ཞན་ཆ་ཆེན་པོ་ཡོད་དེ། མི་མེད་ཁུལ་དུ་བརྡ་རྟགས་བརྒྱུད་གཏོང་དང་གློག་ཤུགས་འདང་གི་མེད། ངག་དབང་བསྟན་པ་ཐེངས་མང་ཟི་ལིང་དུ་བསྐྱོད་ནས་གནམ་ས་བར་གསུམ་གཞི་གཅིག་ཅན་གྱི་སྐོར་སྲུང་བྱ་ཐབས་ཁུ་ཁུ་ཤིས་རིའི་ཁུལ་དུ་དོན་འཁྱོལ་ཐུབ་པའི་བརྩོན་ལེན་བྱས། ད་ཆ། ཕྱོགས་མང་པོའི་འབད་བརྩོན་འོག་རྩོ་ནག་མཚོ་སྲུང་སྐྱོང་ས་ཚིགས་སུ་འོད་ཤུགས་གློག་ཁང་ནས་གློག་གཏོང་བའི་བརྡ་རྟགས་ས་ཚིགས་ཡོད་པ་དང་། བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་ཀྱི་ཕྱི་རོལ་དུ་མཐོ་ཚད་སྨི་བཅུ་གྲངས་ཟིན་པའི“གནམ་མིག”བཙུགས་པ། སྨིག་པ་ལ་སྒང་དོ་དམ་སྲུང་སྐྱོང་ས་ཚིགས་ཀྱི་ཉེ་འགྲམ་དུ་གཙོད་ས་ཁོངས་སྒྲོལ་ཚུལ་ལ་ཆེད་མངགས་ལྟ་ཞིབ་ཚད་ལེན་བྱེད་པའི་རབ་གསལ་བརྙན་ལམ་མྱུལ་མིག་ཀྱང་བསྒར་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།