ཇོ་མོ་གླང་མས་འཕོ་འགྱུར་བདེན་དཔང་བྱས། ཡར་ཀླུང་གཙང་པོས་བདེ་སྐྱིད་སིལ་སྙན་དཀྲོལ།
—— བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་75སོང་རིང་གཞིས་རྩེ་གྲོང་ཁྱེར་གྱི་འཕེལ་རྒྱས་གྲུབ་འབྲས་སྐོར་གྱི་སྒྲིལ་གླེང་།
བརྗིད་ཆགས་ཇོ་མོ་གླང་མས་རླབས་ཆེའི་འཕོ་འགྱུར་ལ་བདེན་དཔང་བྱས་པ་དང་། ཤང་ཤང་དུ་རྒྱུ་བའི་ཆུ་བོ་ཡར་ཀླུང་གཙང་པོས་བདེ་སྐྱིད་ཀྱི་གཏམ་རྒྱུད་གླེང་།
སྔོན་ཆད་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་ལྕགས་སྒྲོག་འོག ས་གཞི་འདིའི་མི་རྣམས་ཀྱིས་སྡུག་བསྔལ་ཚད་མེད་མྱངས་ཡོད།
ལོ་75ཡི་རིང་། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་དང་འབད་འབུངས་ཡར་བརྩོན་བྱས་པ་བརྒྱུད་གཞིས་རྩེ་འདི་ཉིད་རྣམ་པ་གསར་རྐྱང་གིས་ཇོ་མོ་གླང་མའི་གཤམ་འོག་དང་མྱང་ཆུ་གཙང་པོའི་ངོགས་སུ་ཞུམ་པ་མེད་པར་འགྱིངས་ནས་ཡོད།
དཔལ་འབྱོར་ལ་མཆོང་སྐྱོད་བྱུང་བས།
ཐོན་ལས་ཀྱི་སྒུལ་ཤུགས་འཕེལ་ཏེ་མཐའ་མཚམས་ལ་གོ་སྐབས་གསར་པ་འཕྲད་པ།
གཏིང་སྐྱེས་རྫོང་འདྲེན་ཐང་གྲོང་རྡལ་ནི་ཤར་པ་བའི་འདུས་སྡོད་ཁུལ་གཙོ་བོའི་གྲས་ཤིག་ཡིན་ལ། གཞུང་ལམ་ཤར་གཏོང་ཐུབ་པའི་ཀྲུང་གོའི་ཤང་དང་གྲོང་རྡལ་མཐའ་མའང་ཡིན། སྔོན་ཆད་འགྲིམ་འགྲུལ་སྟབས་མི་བདེ་བའི་དབང་གིས་ས་གནས་འཕེལ་རྒྱས་འགྲོ་བར་ཚོད་འཛིན་ཆེན་པོ་ཕོག་ཡོད།
ཕྱུག་པོ་ཆགས་དགོས་ན་སྔོན་ལ་ལམ་བཟོ་དགོས་ཞེས་ངག་རྒྱུན་དུ་བརྗོད་པ་ལྟར། གཞུང་ལམ་གྱིས་འདྲེན་ཐང་གྲོང་རྡལ་གྱི་མི་རྣམས་ཕྱིར་སྐྱོད་ཐུབ་པ་བྱུང་བ་མ་ཟད། མང་ཆག་དང་། སྡོང་ཕུང་། བོད་ཕག་སོགས་ས་གནས་དེ་གའི་ཁྱད་ལྡན་ཐོན་རྫས་ཀྱི་ཚོང་ལམ་ཡང་བཤངས་ཐུབ་པ་བྱུང་ཡོད། དེ་དང་ཆབས་ཅིག་གློག་ཆས་གསར་པ་དང་། སྣ་ཁ་འཛོམས་པའི་དངོས་ཟོག ཡུལ་སྐོར་བ་སྔར་ལས་མང་བ་བཅས་ཡུལ་མིའི་འཚོ་བའི་ནང་རྒྱུན་དུ་མཐོང་རྒྱུ་ཡོད། ད་ཆ་འདྲེན་ཐང་གྲོང་རྡལ་འདི་ཉིད་སྔ་ས་ནས“གནམ་ཆུ་བསྒུགས་ནས་སྡོད་པའི”དཀའ་ངལ་ལས་གྲོལ་ཏེ་ཐོན་ལས་སྣ་མང་དང་། ཚོང་དོན་དར་རྒྱས། ཡུལ་སྐོར་བ་མང་བ་བཅས་ཀྱི་མཐའ་མཚམས་ཀྱི་ཁྱད་ལྡན་གྲོང་རྡལ་ཆུང་ངུ་ཞིག་ཏུ་གྱུར་ཡོད།
འདྲེན་ཐང་གྲོང་རྡལ་ལ་འཕོ་འགྱུར་ཆེན་པོ་བྱུང་བ་ནི་གཞིས་རྩེ་གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་མཚོན་ཚུལ་ཞིག་རེད། ལོ་ངོ་75ཡི་འཕེལ་རྒྱས་བརྒྱུད་ད་ཆ་གཞིས་རྩེར་ཁྱད་ལྡན་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ལེགས་ལ། རྨང་གཞིའི་སྒྲིག་བཀོད་གང་སར་ཁྱབ་པ་དང་། འགག་སྒོའི་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་ཕྱིན་ཏེ་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་ཕྱོགས་བསྡུས་ཀྱི་སྟོབས་ཤུགས་ལ་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད།
གྲངས་གཞི་ནི་བདེན་དཔང་ཐུབ་ཤོས་ཤིག་ཡིན། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་1959ལོའི་སྒོར་དུང་ཕྱུར་0.41ནས་2025ལོའི་སྒོར་དུང་ཕྱུར་509.87བར་བརྟན་པོ་འཕར་ནས་ལོ་རྒྱུས་རང་བཞིན་གྱི་སྒོར་དུང་ཕྱུར་500ཡི་འགག་སྒོ་ཆེན་པོ་ལས་བསྒྲལ་བ་དང་། ཐོན་ལས་ཀྱི་གྲུབ་ཆ་ཟམ་མི་ཆད་པར་ལེགས་སུ་ཕྱིན་ནས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་སོང་ཡོད། འགྲིམ་འགྲུལ་འཛུགས་སྐྲུན་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ་དང་། གཞུང་ལམ་ལ་རླངས་འཁོར་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཚད་སྤྱི་ལེ་ཁྲི་2.2ཟིན་པ། ལྷ་གཞིས་མྱུར་བགྲོད་གཞུང་ལམ་ཤར་གཏོང་དང་། དིང་རིའི་གནམ་ཐང་དུ་གནམ་གྲུ་ཤར་གཏོང་ཐུབ་སྟེ། གཞུང་ལམ་དང་། ལྕགས་ལམ། མཁའ་འགྲུལ་བཅས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བ་ཕྱོགས་ཡོངས་ནས་ཆགས་པ་བཅས་ས་གནས་དེ་གར་ལོ་མང་རིང་“འགྲོ་སྐྱོད་དང་སྐྱེལ་འདྲེན་དཀའ་བའི”དཀའ་ངལ་སེལ་ཐུབ་ཡོད།
ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་ཀྱི་གཞི་རྩ་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་ཞིང་། ཞིང་ནགས་འབྲོག་ཉ་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་109.52ཟིན་པ་དང་། འབྲུ་རིགས་ཀྱི་ཐོན་འབབ་ལོ་5བསྟུད་མར་ཏུན་ཁྲི་43ཡན་རྒྱུན་འཁྱོངས་ཐུབ་པ། ལྗང་མདོག་ཐོན་རྫས་སྣེ་ཁ་21དང་། སྐྱེ་ལྡན་ཐོན་རྫས་སྣེ་ཁ་29 ས་ཁམས་མཚོན་རྟགས་ཐོན་རྫས་སྣེ་ཁ་36བཅས་ལ་བདེན་དཔང་ར་སྤྲོད་ཐུབ་པ་བཅས་རེད། ལ་ལྷོ་ཆུ་བེད་དང་ཤངས་ཆུ་ཆུ་བེད་སོགས་ཀྱི་ལས་གྲྭ་གལ་ཆེན་ལས་གྲམ་ཐང་ས་ཞིང་གཤིན་པོར་གྱུར་ཞིང་། མཐའ་མཚམས་སྒོ་དབྱེའི་གོམ་སྟབས་རྒྱུན་མཐུད་མགྱོགས་སུ་ཕྱིན་པ་དང་། སྐྱིད་གྲོང་དང་། འགྲམ། ལེགས་རྩེ་སོགས་གཙོ་གནད་འགག་སྒོ་ཟམ་མི་ཆད་པར་རིམ་སྤོར་དང་སྤུས་ཚད་མཐོ་རུ་ཕྱིན་པ། 2025ལོར་གྲོང་ཁྱེར་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་སྒོར་དུང་ཕྱུར་27.4ཟིན་པ་བཅས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་ཕན་འབྲས་གསར་པ་མངོན་ཡོད། རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་འཕེལ་ཕྱོགས་ཡག་པོ་མངོན་ཞིང་། 2025ལོར་ཡུལ་སྐོར་བ་མི་ཐེངས་ཁྲི་1556.29ལ་སྣེ་ལེན་ཞུས་པར་ཡུལ་སྐོར་གྱི་སྤྱིའི་འགྲོ་གྲོན་སྒོར་དུང་ཕྱུར་92.33ཟིན་ཡོད།
དམངས་འཚོར་འཕོ་འགྱུར་བྱུང་བས།
བྱ་བ་དངོས་རེ་རེ་ལས་ཁྱིམ་ཚང་ཁྲི་སྟོང་མང་པོར་དྲོ་སྐྱིད་སྦྱིན་པ་དང་མི་རིགས་ཁག་གི་མང་ཚོགས་དགའ་བའི་དཔལ་ལ་རོལ།
བཞད་མཐོང་སྨོན་རྫོང་ཆབ་ཁ་གྲོང་རྡལ་ཆབ་ཁ་གྲོང་ཚོར་སྐྱོད་སྐབས་ཕྱོགས་བཞིའི་གཞུང་ལམ་ཡངས་ཤིང་རྒྱ་ཆེ་ལ། གྲལ་སྟར་འགྲིག་པའི་ཉིས་ཐོག་ཁང་པ་དག་གཙང་ཞིང་ལྟ་ན་སྡུག་པ་དང་སྒོ་རའི་ནང་རྩྭ་དང་མེ་ཏོག་གིས་བརྒྱན་པ་བཅས་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་ཀྱི་མཛེས་ལྗོངས་ཤིག་མིག་མདུན་དུ་མངོན་ཡོང་།
གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་པ་དང་། བདེ་སྡོད་ལས་གྲྭ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱུང་ཞིང་། སྡོད་ཁང་བདེ་འཇགས་ལྡན་ལ། འཐུང་ཆུ་དྭངས་ཤིང་གཙང་བ། གློག་ཤུགས་བརྟན་པ། དྲ་རྒྱ་གང་སར་ཁྱབ་པ་སོགས་མི་སེམས་འགུལ་བའི་འགྱུར་ལྡོག་དག་མི་སེར་གྱི་འཚོ་བ་ལས་གསལ་པོར་མངོན་ཡོད།
ཡོང་འབབ་རྒྱུན་མཐུད་མང་དུ་ཕྱིན་པ་ལས་དམངས་འཚོ་ལེགས་སུ་ཕྱིན་པ་གསལ་པོར་མཚོན་ཐུབ་ཀྱི་ཡོད། 2025ལོར་གཞིས་རྩེ་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་57913ཟིན་པ་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་21231ཟིན་ནས་ཞིང་འབྲོག་པའི་ཡོང་འབབ་འཕར་ཚད་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། གྲོང་ཁྱེར་ཡོངས་སུ་ཞིང་འབྲོག་པ་མི་ཐེངས་ཁྲི་26ལྷག་ཙམ་ལས་ཞུགས་གཞན་སྒྱུར་ཐུབ་པ་དང་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་40ལྷག་ཙམ་ཟིན་ནས་མང་ཚོགས་དེ་བས་མང་བ“ཐག་ཉེ་ས་དང་ཡུལ་དེ་རང་དུ་ལས་ཞུགས་ཐུབ་པ་དང་ལས་གནས་བརྟན་པོ་དང་འབབ་འཕར་བརྟན་པོ”བྱུང་ཡོད།
སློབ་གསོ་དང་སྨན་བཅོས་བྱ་གཞག་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ཞིང་། གྲོང་ཁྱེར་ཡོངས་ཀྱི་འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད་99.81%ཟིན་པ་དང་། མཐོ་འབྲིང་དུས་མཚམས་ཀྱི་ན་འདྲེས་སློབ་ཞུགས་བྱེད་ཚད་92.22%ཟིན་པ། མཐའ་མཚམས་གྲོང་གསེབ་ཀྱི་སློབ་ཞུགས་གོང་གི་སློབ་གསོ་ཕྱོགས་ཡོངས་ལ་ཁྱབ་པ། ཐག་རིང་འབྲོག་ཁུལ་གྱི་ཕྲུ་གུ་ཚོས་ཁྱིམ་གྱི་སྒོ་རྩར་སྤུས་ལེགས་སློབ་གསོའི་ཐོན་ཁུངས་ལོངས་སྤྱོད་ཐུབ་པ་བཅས་བྱུང་ཡོད།
སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ཞིང་། གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་བཞིའི་སྨན་བཅོས་དྲ་རྒྱ་ཕྱོགས་ཡོངས་ནས་འཐུས་སྒོ་ཚང་དུ་ཕྱིན་པ་དང་། སྦྲུམ་མ་དང་ཕྲུ་གུ་དམར་འབྱར་ཤི་ཚད་ལོ་རྒྱུས་ཐོག་གི་དམའ་ཤོས་སུ་གྱུར་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་དང་ཡུལ་མིར་བདེ་ཐང་བརྟག་དཔྱད་བྱེད་ཚད་ལོ་གཉིས་བསྟུད་མར་90%ཡན་རྒྱུན་འཁྱོངས་ཐུབ་པ། “སྨན་པ་བསྟེན་པར་ཐག་རིང་དུ་འགྲོ་དགོས་པ་དང་སྨན་པ་བསྟེན་དཀའ་བའི”ལོ་རྒྱུས་ཀྱི་དཀའ་གནད་རྩ་བའི་ཆ་ནས་ཐག་གཅོད་ཐུབ་པ་བཅས་ལས་རྒས་དུས་འཚོ་རྟེན་ཡོད་པ་དང་། ན་དུས་སྨན་བཅོས་ཐུབ་པ། བྱིས་པ་སྐྱོང་མཁན་ཡོད་པ། སྡོད་སའི་ཁང་པ་ཡོད་པ་བཅས་ཀྱི་བདེ་སྐྱིད་ལྡན་པའི་རྣམ་པ་དེ་གཙང་གི་ས་གཞི་ཆེ་མོར་དལ་བུར་མངོན་བཞིན་ཡོད།
དིང་རིའི་ས་ཡོམ་གྱི་གནོད་འཚེའི་མདུན་དུ་མི་དམངས་གོང་དུ་བཀུར་བ་མཐའ་འཁྱོངས་ཀྱིས་སླར་གསོ་བསྐྱར་སྐྲུན་ལས་དོན་ལ་སྐུལ་འདེད་ནུས་ལྡན་བཏང་བ་དང་། དུད་ཚང་ཁྲི་2.2ལྷག་ཙམ་གྱི་ཁང་པ་བསྐྱར་སྐྲུན་དང་དུད་ཚང་ཁྲི་1.05ལྷག་ཙམ་གྱི་ཁང་པར་ཉམས་གསོ་བྱས་ནས་བརྟན་དུ་བཏང་བས། མང་ཚོགས་རྣམས་གནོད་འཚེ་ཕོག་པའི་ལོ་དེ་རང་ལ་ཁང་པ་གསར་པའི་ནང་དུ་སྤོ་ཐུབ་པ་བྱུང་ཡོད།
སྐྱེ་ཁམས་སྲུང་སྐྱོང་བྱས་པས།
སྔོ་ལྗང་རི་ཀླུང་མཛེས་ཤིང་ས་མཐོའི་སྲུང་བཅད་དེ་བས་བརྟན་དུ་ཕྱིན་པ།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་གྲོང་ཁྱེར་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་ནགས་ཚལ་དང་རྩྭ་ཐང་གི་སྐྱེ་ཁམས་རྣམ་གྲངས་ཁག་ལ་མ་དངུལ་སྒོར་དུང་ཕྱུར་21.73བཏང་ནས་ནགས་བཟོ་ནགས་སྐྱོང་མུའུ་ཁྲི་155.6དང་། རྩྭ་ཐང་གི་སྐྱེ་ཁམས་མུའུ་ཁྲི་568.56སླར་གསོ་བྱས་ཡོད། དེས་ན། རྩྭ་ཐང་མུའུ་དུང་ཕྱུར་1.89དང་འདམ་ར་སྤྱི་ཆིང་ཁྲི་88.62ལས་མཉམ་དུ་སྐྱེ་ཁམས་བདེ་འཇགས་དྲ་བ་ཞིག་ཆགས་ཤིང་། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་53%ཙམ་ཟིན་པ་དང་། རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་གྱིས་བཟུང་ཚད་21.16%ཟིན་ནས་སྐྱེ་ཁམས་ཀྱི་རྨང་གཞི་སྔར་བས་བརྟན་དུ་ཕྱིན་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་། གྲོང་ཁྱེར་དེ་ཡོངས་ཀྱི་མཁའ་རླུང་སྤུས་ཚད་ལེགས་ཚད་99%ཡན་བརྟན་པོར་གནས་ཡོད་པ་དང་། གཙང་པོ་དང་། ཆུ་བོ། མཚོ་བཅས་གཙོ་བོའི་ཆུའི་སྤུས་ཚད་ཚང་མ་IIIཡི་ཚད་གཞིར་སླེབས་པའམ་ཡང་ན་དེ་ལས་ལེགས་པ་ཡོད་པ། གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཆུའི་སྤུས་ཚད་100%ཟིན་པ། ས་རྒྱུའི་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་བརྟན་པོར་གནས་པ་བཅས་བྱུང་ནས། “ས་མཐོའི་གནམ་སྔོན་པོ”དང་། “གཙང་པོ་དང་ཆུ་མོ་དྭངས་བ”རྒྱུན་གཏན་གྱི་རྣམ་པར་གྱུར་ཡོད་པ་རེད།
གཞིས་རྩེ་གྲོང་ཁྱེར་དང་གཏིང་སྐྱེས་རྫོང་གིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་གྲུབ་འབྲས་ཐོབ་པའི་ངང་བཏོད་པ་དང་། སྐྱིད་གྲོང་རྫོང་ལ་རྒྱལ་ཡོངས་ཀྱི་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་གྲོང་ཁྱེར་གྱི་ལག་ལེན་རྟེན་གཞིའི་མཚན་སྙན་སྤྲད་པ། གྲོ་མོ་རྫོང་རྒྱལ་ཡོངས་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་རྫོང་སྟོབས་ཆེན་བརྒྱའི་གྲས་སུ་བདམས་པ། འདྲེན་ཐང་གྲོང་རྡལ“རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པའི”ལག་ལེན་གསར་གཏོད་ཀྱི་རྟེན་གཞིར་གྲུབ་འབྲས་ཐོབ་པའི་ངང་འཛུགས་གཏོད་བྱས་ཡོད། ད་ཆའི་གཞིས་རྩེར་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་འདུ་ཤེས་མི་སེམས་སུ་ཟུག་ཡོད་པ་དང་ལྗང་མདོག་འཕེལ་རྒྱས་དང་གཏན་འཁྱོངས་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་ཇི་ཙམ་བསྐྱོད་པས་དེ་ཙམ་གྱིས་ཡངས་སུ་འགྲོ་བཞིན་ཡོད། གནམ་སྔོན་པོ་དང་། ས་གཞི་ལྗང་བ། ཆུ་མོ་དྭངས་བ། ཡུལ་ལྗོངས་མཛེས་པ་བཅས་ཀྱི་སྐྱེ་ཁམས་དེ་ཀུན་ལ་ཕན་པ་ཆེ་ཤོས་ཐོབ་པའི་དམངས་འཚོའི་བདེ་རྩ་ཞིག་ཏུ་གྱུར་ཡོད།
འབྲེལ་ཡོད་གསར་འགྱུར།