ལྷ་ས་ཡོངས་སུ་དམངས་ཕན་འཚོ་བའི་འཁོར་རྒྱ་བཏོད་པ།
2023ལོར། ལྷ་ས་འདི་ཉིད་རྒྱལ་ཡོངས་ཀྱི་སྐར་མ་བཅོ་ལྔ་ནང་ཚུན་གྱི་དམངས་ཕན་འཚོ་བའི་འཁོར་རྒྱ་ཚོད་ལྟའི་གྲོང་ཁྱེར་ཁག་གསུམ་པར་བདམས་ཤིང་། 2025ལོར་རྒྱལ་ཡོངས་ཀྱི་ཁོངས་ཡོངས་ཁྱབ་སྤེལ་སྔོན་སྐྱོད་ཁུལ་ཁག་གཉིས་པའི་ཚོད་ལྟའི་ཁུལ་དུ་གྱུར། ཚོད་ལྟ་བྱེད་པ་ནས་ཁོངས་ཡོངས་ཁྱབ་སྤེལ་བྱེད་པའི་བར། ལྷ་ས་གྲོང་ཁྱེར་གྱིས་ས་མཐོའི་སྐྱིད་ཉམས་དང་དེང་རབས་ཚན་རྩལ་གཉིས་འཛོམས་ཀྱི་དམངས་ཕན་འཚོ་བའི་འཁོར་རྒྱ་སྐྲུན་པའི་ཁྱད་ལྡན་ཐབས་ལམ་ཞིག་བཏོད་ཡོད།
ལྷ་ས་གྲོང་ཁྱེར་གྱི་སྡེ་ཁུལ་རྣམ་པ་སྣ་མང་རྙོག་འཛིང་ཆེ་བ་སྟེ། གྲོང་ཁུལ་རྙིང་པ་དང་དེང་རབས་ཅན་གྱི་ཁུལ་གསར་ཡོད་ལ། བཤིག་སྤོ་བཀོད་སྒྲིག་ཁུལ་དང་མི་རིགས་འདུས་སྡོད་ཁུལ་ཡང་ཡོད། ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཁྲོམ་རའི་མ་ལག་འཛུགས་སྐྲུན་ཁོའོ་ཡི་ཁོའོ་ཀྲང་ལི་ནའེ་ཤོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཧེ་བག་མངོན་གསལ་དོད་པའི་ཞབས་ཞུའི་དགོས་མཁོར་དམིགས་ནས། ལྷ་ས་གྲོང་ཁྱེར་གྱིས“གཅིག་དཔེ་བརྒྱ་འགེབས”མི་བྱེད་པར་གང་དཀོན་ན་དེ་གསབ་རྒྱུ་མཐའ་འཁྱོངས་བྱས་ཏེ། “འཁོར་རྒྱ་རེར་ཐབས་ཇུས་རེའི”འཛུགས་སྐྲུན་བྱེད་སྟངས་གསར་གཏོད་དང་འཚོལ་ཞིབ་བྱས་ཡོད་པ་རེད།
བར་སྐོར་གནའ་གྲོང་ཁུལ་དུ། འཛུགས་སྐྲུན་གྱི་གཙོ་གནད་ནི་གནའ་གྲོང་གི་རྣམ་པ་རང་སོར་འཇོག་པའི་རྨང་གཞིའི་ཐོག དམངས་ཕན་ལས་རྣམ་ཁ་གསབ་བྱ་རྒྱུ་དེ་ཡིན་ལ། ཁུལ་གསར་དུ་དམངས་ཕན་སྒྲིག་བཀོད་དག་ཚད་གཞི་མཐོ་པོས་གསར་དུ་བསྐྲུན་པའི་ཁུལ་ཆུང་དག་གི་ལྷན་སྦྱར་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཁོངས་སུ་བཅུག་ཡོད། བཤིག་སྤོ་བཀོད་སྒྲིག་ཁུལ་དུ། གཅིག་སྡུད་ཐོག་དམངས་ཕན་ཞབས་ཞུའི་ཕྱོགས་བསྡུས་སྒྲིག་གཞི་བཙུགས་ཡོད། ད་ཆ་ལྷ་སའི་ཁུལ་ཁོངས་ཚོང་སྐོར་གྱི་བཀོད་པ་ལུགས་དང་མཐུན་ཞིང་དམངས་ཕན་འཚོ་བའི་འཁོར་རྒྱར་སོ་སོའི་ཁྱད་ཆོས་ལྡན་ཡོད།
ས་མཐོར་འཛུགས་སྐྲུན་བྱེད་པར་མ་གནས་མཐོ་ཞིང་སྤྱི་ཚོགས་ཀྱི་མ་རྩ་འཁོར་རྒྱུག་ཆེན་པོ་མེད་པས་དངུལ་གང་ནས་ཡོང་དགོས་ཞེ་ན། ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱི་ཅུས་ཀྲང་ཡེ་ཧའེ་དབྱིང་གིས། ལྷ་སས་སྲིད་ཇུས་རང་བཞིན་གྱི“སྔོན་ཚུད་མ་དངུལ”སྒོར་ཁྲི་900གྲབས་གསོག་བྱས་པ་དེ་དག་སྡེ་ཁུལ་གྱིས་རེ་ཞུ་བྱེད་པ་དང་རིགས་གཅིག་མཁས་ཅན་གྱིས་ཞིབ་དཔྱད་བྱས་པ་བརྒྱུད་རྣམ་གྲངས་ཁག་26ལ་གཏོང་སྤྲོད་གནད་སྨིན་བྱས་ནས་སྤྱི་ཚོགས་ཀྱིས་མ་རྩ་གཏོང་བར་སྐུལ་འདེད་བཏང་ཡོད། ཞིང་ཟོག་ཁྲོམ་ར་སྒྱུར་བཀོད་ཐད“གྲོང་ཁྱེར་རིམ་པས་60%+ཆུས་རིམ་པས་10%+ཁེ་ལས་ཀྱིས་30%”གཏོང་བའི་མཉམ་སྐྲུན་བྱེད་སྟངས་ཁྱབ་གདལ་བཏང་ནས། གྲོང་ཁུལ་གཙོ་བོའི་ཁྲོམ་ར་3ལ་སྒྱུར་བཀོད་ཚད་ལྡན་བྱས་པ་མ་ཟད། ད་དུང་རིག་ལྡན་ཁུངས་འདེད་དང་ཞིབ་དཔྱད་ཚད་ལེན་གྱི་མ་ལག་ཀྱང་གསར་དུ་བསྣན་ཡོད་ཅེས་ངོ་སྤྲོད་བྱས།
ས་མཐོའི་སྐྱིད་ཉམས་དང་ཚན་རྩལ་གྱི་ཉམས་བཟང་གཉིས་ཀ་ལྡན་པར་བྱས་ནས་སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་ཡོང་བར་བྱས་ཤིང་། ལྷ་ས་གྲོང་ཁྱེར་གྱིས་ཕྱོགས་གཅིག་ནས་ཚད་ལྡན་ཅན་གྱི་སྟབས་བདེའི་ཚོང་ཁང་དང་། དམངས་ཕན་ཞོགས་ཟས་ས་ཚིགས། དམངས་ཕན་ཉམས་བཟོ་ས་ཚིགས་བཅས་བཙུགས་ཏེ། “སྐར་མ་ལྔའི་ནང་སྔོ་ཚལ་སོས་པ་ཉོ་ཐུབ་པ་དང་ཉམས་བཟོ་ཙག་ཙིག་བྱེད་པར་སྡེ་ཁུལ་ནས་ཐོན་མི་དགོས་པར”བྱས་པ་དང་ཆབས་ཅིག “དྲ་གཅིག་སྤྱི་འདོམས”ལས་སྟེགས་བཙུགས་ནས་དམངས་ཕན་འཚོ་བའི་འཁོར་རྒྱའི་བརྒྱུད་རིམ་ཆུང་ངུ་བཟོས་པའི་ཁར། དམངས་ཕན་དྲ་ཚིགས་ཁག་གསལ་པོར་བཀོད་པ་དང་། རིག་ནུས་ཞིབ་མཆན་གཅིག་འཐུས་འཕྲུལ་འཁོར་གྱིས་རིམ་རྩིས་བརྒྱབ་ན་དུད་ཚང་6735ལྷག་ཙམ་ལ་ཞབས་འདེགས་ཞུས་པས་ལས་ཕྱོད་68.2%མཐོ་རུ་ཕྱིན་ཡོད། གཞན་ཡང་། བེད་མེད་དུ་ལུས་པའི་ཁུག་ཟུར་གྱི་ས་ཆ་སྟོང་པ་སྤྱད་དེ་ལམ་ཟུར་སྤྱི་གླིང་70ལྷག་ཙམ་བསྐྲུན་ནས། “སྐར་མ་བཅོ་ལྔའི་སྔོ་ལྗང་དམངས་ཕན་ཞབས་ཞུའི་འཁོར་རྒྱ”བཟོས་ཏེ། གྲོང་མི་ཚོ་ཕྱིར་ཐོན་མ་ཐག་སྔོ་ལྗང་རྩི་ཤིང་མཐོང་ཐུབ་པར་བྱས་ཡོད།
གཞན་ཡང་། ལྷ་སས་རིམ་ལྔའི་རྩ་འཛུགས་འཁོར་འབྲེལ་བཙུགས་ནས་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་Vས་ཚིགས་ཁག་55བསྐྲུན་ཏེ་ཞབས་ཞུའི་གཡུལ་ས་མདུན་དུ་སྤོས་པ་དང་། དེ་དང་ཆབས་ཅིག “མངར་ཇའི་གྲོས་ཚོགས”སོགས་མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པའི་གྲོས་མོལ་ལས་སྟེགས་བཙུགས་ནས་བཅོས་སྐྱོང་གི་དཀའ་གནད་ཁག་900ལྷག་ཙམ་ཐག་གཅོད་བྱས་པ་རེད།
གོམ་སྟབས་རྗེས་མར། ལྷ་སས་ཆེད་ལས་ཅན་གྱི་གཉེར་སྐྱོང་བྱེད་པོ་ནང་འདྲེན་དང་སྐྱེད་སྲིང་ཤུགས་ཆེན་བྱས་ནས་ཞབས་ཞུ“ཡོད་དམ་མེད”ནས“ཡག་པོ་ཡོད་མེད”ལ་འགྱུར་བར་སྐུལ་འདེད་བཏང་སྟེ། ལོ་གཉིས་ནང་གྲོང་ཁུལ་གཙོ་བོ་ཡོངས་སུ་ཁྱབ་པ་དང་འབྲེལ་རྫོང་གྲོང་དུ་སྣུར་སྲིང་ཐུབ་པའི་བརྩོན་ལེན་བྱ་རྒྱུ་དང་ཆབས་ཅིག “སྤྱི་ཕན་+ཁྲོམ་རའི”གཉེར་སྐྱོང་བྱེད་སྟངས་འཚོལ་ཞིབ་བྱས་ནས“རྒན་གཅིག་གཞོན་གཅིག”ཞབས་ཞུའི་ཞན་ཆ་བསལ་ཏེ། ན་ཚོད་ཡོངས་ཀྱི་མཛའ་གྲོགས་རྣམ་པའི་སྤུས་ལེགས་འཚོ་བའི་འཁོར་རྒྱ་གཏོད་རྒྱུ་རེད།
(2026ལོའི་ཟླ་5ཚེས་17ཉིན་གྱི《དཔལ་འབྱོར་ཉིན་རེའི་ཚགས་པར》གྱི་པར་ངོས་བཞི་པ་ལས་བརྒྱུད་འགོད་བྱས)
འབྲེལ་ཡོད་གསར་འགྱུར།