དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་ཁ་གྲོང་ཁྱེར་གྱི“ཡར་ཀླུང་གི་སྟོན་མོ”ཞེས་པའི་འཁྲབ་སྟོན་དུས་ཚིགས་ཀྱི་གོང་དཀར་རྫོང་གི་ཆེད་དོན་འཁྲབ་སྟོན་ཐུགས་གྲ་ལེགས་འགྲིག་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-05-25

    འདི་ནི་འཁྲབ་སྟོན་བྱེད་བཞིན་པ།

    ཉེ་ཆར། ལྷོ་ཁ་གྲོང་ཁྱེར་གྱི“ཡར་ཀླུང་གི་སྟོན་མོ”ཞེས་པའི་འཁྲབ་སྟོན་དུས་ཚིགས་ཀྱི་གོང་དཀར་རྫོང་གི་ཆེད་དོན་འཁྲབ་སྟོན་དེ་ལྷོ་ཁ་གྲོང་ཁྱེར་རིག་གནས་སྒྱུ་རྩལ་ལྟེ་གནས་སུ་ཐུགས་གྲ་ལེགས་འགྲིག་བྱུང་བ་དང་། ད་ཐེངས་ཀྱི་བྱེད་སྒོར“རིག་རྩལ་ཆེད་དོན་མཉམ་འཁྲབ་དང་། ཡུལ་དངོས་སུ་མངོན་མིན་རིག་གནས་ཤུལ་བཞག་གི་དམངས་སྲོལ་འགྲེམས་འཁྲབ། དྲ་ཐོག་ཐད་གཏོང”སོགས་རྣམ་པ་སྣ་ཚོགས་བརྒྱུད། ལྟད་མོ་བ་ཚོར་རིག་གནས་ཀྱི་གསོལ་སྟོན་གཟབ་རྒྱས་ཤིག་བཤམས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གོང་དཀར་རྫོང་སྒྱུ་རྩལ་ཚོགས་པ་དང་སྟོང་ར་ཤང་སྐྱིད་ཆུང་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག(ཡར་འབྲོག་གཡུ་མཚོའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ)གིས་ས་གནས་དེ་གའི་དམངས་སྲོལ་དང་། མངོན་མིན་རིག་གནས་ཤུལ་བཞག དུས་རབས་ཀྱི་སྙིང་སྟོབས་བཅས་མཉམ་འདྲེས་ཀྱིས་འཁྲབ་སྟོན་བྱས་པར། ལྟད་མོ་བ་ཚོའི་དགའ་བསུ་ཐོབ་པ་མ་ཟད། དྲ་ཐོག་ཐད་གཏོང་ཁང་དུའང་ལྟད་མོ་ལྟ་མཁན་ཧ་ཅང་མང་པོ་ཡོད་པ་རེད། ས་གནས་ས་ཐོག་ཏུ་མངོན་མིན་རིག་གནས་ཤུལ་བཞག་དང་དེ་བཞིན་རིག་རྩལ་ཉམས་འགྱུར་ཆེད་དོན་ཁུལ་བཙུགས་པ་དང་། པང་གདན་དང་ཟངས་ཆས། སྣམ་བུ་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་ལག་ཤེས་ཐོན་རྫས་གཅིག་སྡུད་ཐོག་འགྲེམས་ཚོང་བྱས་ཡོད། བྱེད་སྒོའི་རིང་མངོན་མིན་རིག་གནས་ཤུལ་བཞག་གི་ཤོག་བྱང་དང་། ཡུལ་སྐོར་གྱི་ས་ཁྲ་སོགས་2000ལྷག་ཙམ་སྤྲད་ཡོད་པ་རེད།

    ད་ཐེངས་ཀྱི་འཁྲབ་སྟོན་ནི་གྲོང་ཁྱེར་རིམ་པའི་གར་སྟེགས་ཐོག་གོང་དཀར་རྫོང་གི་ཆེད་དོན་འཁྲབ་སྟོན་བྱས་པ་ཞིག་ཡིན་པས། གོང་དཀར་གྱི་རིག་གནས་ཀྱི་མཉེན་ཤུགས་ངོམས་སའི་སྐར་ཁུང་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བའི་ལག་ལེན་བཟང་པོ་ཞིག་ཏུའང་གྱུར་ཡོད། བྱེད་སྒོ་དེས་གོང་དཀར་རྫོང་གི་རིག་གནས་ཡུལ་སྐོར་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་ཆེ་རུ་ཕྱིན་ནས། རྫོང་ཡོངས་ཀྱི་རིག་གནས་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྫོང་སྐྲུན་པར་རིག་གནས་ཀྱི་སྟོབས་ཤུགས་ཆེན་པོ་བསྣན་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོའི་ནང་ཞུགས་མཁན་ལྟད་མོ་བ་800ལྷག་ཙམ་ཟིན་པ་དང་། དྲ་ཐོག་ནས་ཐད་གཏོང་ལྟ་མཁན་མི་ཐེངས་ཁྲི་1ལྷག་ཙམ་ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།