སྤྱི་ཁྱབ་ཧྲུའུ་ཅིས་གངས་ལྗོངས་ས་མཐོར་ཐུགས་བརྩེ་ཟབ་མོ་བཅངས་པ།

ཟླ་5ཚེས་22ཉིན། ལྷ་ས་གྲོང་ཁྱེར་རྫོང་རྒྱབ་ཀླུ་ཁང་དུ་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གིས་གཙོ་གཉེར་བྱས་པའི་བྱིས་པའི་ལྷ་མོའི་མཛེས་དཔྱད་སློབ་གསོའི་གྲུབ་འབྲས་འགྲེམས་འཁྲབ་བྱེད་བཞིན་པ།

ད་ལོ་ནི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་75འཁོར་བའི་ལོ་ཡིན་ཞིང་། ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་ས་གནས་ཁག་ཏུ་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ཏེ། ཕྱོགས་གང་ས་ཅི་ཐད་ནས་ནང་དོན་ཟབ་ལ་འཁྲུག་ཆ་དོད་པ་དང་། མཐུན་སྒྲིལ་ཡར་བརྩོན། བཀྲ་ཤིས་འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རྣམ་པ་བཏོད་དེ། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པས་རྒྱལ་གཅེས་ཀྱི་བརྩེ་སེམས་ཟབ་མོ་འཆང་བ་དང་འབད་འཐབ་མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བར་ཁྲིད་སྟོན་བྱས་པ་རེད།ཉེ་ཆར། ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱི་དང་བླངས་པས་གངས་འཕྱགས་ནས་ལམ་ཤར་གཏོང་ཐུབ་པའི་འགན་ལེན་བྱེད་བཞིན་པ།
ད་ལོ་ནི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་75འཁོར་བའི་ལོ་ཡིན། ཉིན་མོ་དེ་གངས་ལྗོངས་ཀྱི་བུ་ཕྲུག་ཚོས་མི་རབས་ནས་མི་རབས་བར་བློ་ལ་བརྟན་པོར་ངེས་ཡོད།
1951ལོའི་ཟླ་5ཚེས་23ཉིན《ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ཀྱི་ས་གནས་སྲིད་གཞུང་གཉིས་བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན》ལ་མིང་རྟགས་བཀོད་ནས་བོད་ཞི་བས་བཅིངས་འགྲོལ་བཏང་བ་ཁྱབ་བསྒྲགས་བྱས་པ་རེད། དུས་དེ་ནས་བཟུང་། བོད་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་སྤྱི་ཚོགས་རིང་ལུགས་ཀྱི་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་ནང་མཐུན་སྒྲིལ་དང་། ཡར་ཐོན། འཕེལ་རྒྱས་བཅས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་ལམ་ཆེན་ཐོག་བསྐྱོད་པ་རེད།
དུས་རབས་གསར་པར་སླེབས་རྗེས་བོད་ལྗོངས་ལ་འཕེལ་རྒྱས་ཡག་ཤོས་དང་། འགྱུར་ལྡོག་ཆེ་ཤོས། མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་དངོས་ཐོབ་མང་ཤོས་བཅས་ཀྱི་ལོ་རྒྱུས་དུས་སྐབས་སུ་སླེབས་ཡོད། གངས་ལྗོངས་ས་མཐོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཁུར་ཟབ་མོ་གནང་གི་ཡོད།
2021ལོའི་ཟླ་བ་བདུན་པར། གངས་ལྗོངས་ས་མཐོར་དགའ་སྤྲོའི་རྣམ་པས་རབ་ཏུ་ཁེངས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་དུ་ཕེབས་ནས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་པ་དང་འབྲེལ་རྟོག་ཞིབ་དང་བརྟག་ཞིབ་ཀྱང་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ངོས་ནས་བོད་ཞི་བས་བཅིངས་འགྲོལ་བཏང་བར་བོད་དུ་རྟེན་འབྲེལ་ཞུ་བར་ཕེབས་པ་དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ཐེངས་དང་པོ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་དང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཐུགས་ཁུར་གནང་ལུགས་མཚོན་པར་བྱེད་དགོས”ཞེས་ནན་བཤད་གནང་ཡོད།
2025ལོའི་ཟླ་བ་བརྒྱད་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོར་ཞུགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ངོས་ནས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་བོད་དུ་བོད་རང་སྐྱོང་ལྗོངས་དབུ་བརྙེས་པའི་རྟེན་འབྲེལ་མཛད་སྒོར་ཞུགས་པ་དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ཐེངས་དང་པོ་རེད།
“ཐེངས་དང་པོ”དེ་གཉིས་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་བཅངས་པའི་ཐུགས་བརྩེ་ཟབ་མོ་འདུས་ཡོད།
1998ལོར་སྐབས་དེ་དུས་ཧྥུའུ་ཅན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པའི་འགན་བཞེས་བཞིན་པའི་བློ་མཐུན་ཞི་ཅིན་ཕིང་བོད་སྐྱོར་ལས་བྱེད་པ་སྲུང་སྐྱེལ་སྐབས་བོད་དུ་ཕེབས་ཡོད། བོད་སྐྱོར་ལས་བྱེད་པ་ཚད་གཞི་མཐོ་པོས་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པས་བོད་དུ་སྲུང་སྐྱེལ་གནང་བ་ལས་ཧྥུའུ་ཅན་གྱིས་བོད་སྐྱོར་ལས་དོན་ལ་མཐོང་ཆེན་གནང་བ་མཚོན་ཞིང་དེས་བོད་ཀྱི་ལས་བྱེད་པ་དང་མང་ཚོགས་ལ་བག་ཆགས་ཟབ་མོ་བཞག་ཡོད། “ཉིང་ཁྲི་ས་ཁུལ་གྱི་དོན་དག་ནི་ང་ཚོའི་ཞིང་ཆེན་གྱི་དོན་དག་རེད” “ཧ་ཅང་ཕུལ་དུ་བྱུང་བའི་ལས་བྱེད་པ་མངགས་ནས་ལེགས་པའི་ནང་ནས་ལེགས་པ་འདེམས་དགོས”ཞེས་པའི་བློ་མཐུན་ཞི་ཅིན་ཕིང་གི་བཀའ་མོལ་དེས་མི་སེམས་ལ་དྲོ་སྐྱིད་ཟབ་མོ་སྦྱིན་ཡོད།
དུས་ཀྱི་འཁོར་ལོ་བར་མེད་མདུན་དུ་བཞུད་ཀྱང་ལྷད་མེད་བརྩེ་བར་ཉམས་པ་མེད།
ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་གནང་རྗེས་2013ལོར་རྒྱལ་ཡོངས་ཚོགས་འདུ་གཉིས་ལ་ཐེངས་དང་པོ་ཞུགས་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་ཀྱི་འཐུས་མི་ཚོགས་པར་ཕེབས་ཡོད། ལོ་འདི་དག་རིང་སྤྱི་ཁྱབ་ཧྲུའུ་ཅིས་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་གནང་བའི་མཐོ་ཚད་ཐོག་ནས་བོད་ཀྱི་ལས་དོན་བཀོད་སྒྲིག་དང་ཇུས་འགོད་གནང་སྟེ། མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ནས་བོད་ཀྱི་འཕེལ་རྒྱས་ཆེད་ཐུགས་ནུས་གང་མང་བཏོན་གནང་ཡོད།
བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད། “འཕེལ་རྒྱས་ཚང་མར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དོན་སྙིང་ལྡན་དགོས་པ་དང་། ཚང་མར་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱི་དོན་སྙིང་ལྡན་དགོས་པ། ཚང་མས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་འགྲོ་བར་ཕན་འདོགས་རྒྱུ་མཐའ་འཁྱོངས་བྱེད་དགོས”ཞེས་གསུངས་ཡོད།
མི་རིགས་མཐུན་སྒྲིལ་སྐོར་གླེང་སྐབས“མི་རིགས་ཁག་གི་ལས་བྱེད་པས་རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་ལྟར་མཐུན་སྒྲིལ་ལ་གཅེས་སྤྲས་བྱས་ཏེ། བསམ་བློ་གཅིག་ཏུ་གཏོང་བ་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་་དགོས”ཞེས་ནན་བཤད་གནང་ཡོད།
བོད་སྐྱོར་ལས་དོན་བཀོད་སྒྲིག་གནང་སྐབས“ཀྲུང་དབྱང་གིས་བོད་ལ་རྒྱབ་སྐྱོར་དང་རྒྱལ་ཡོངས་ཀྱིས་བོད་ལ་རྒྱབ་སྐྱོར་བྱེད་པ་ནི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་ལག་བསྟར་བྱེད་པའི་སྲིད་ཇུས་ཤིག་ཡིན་པས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་དང་ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱས་ནས་བོད་སྐྱོར་ལས་དོན་གྱི་རྣམ་པ་གསར་པ་གཏོད་དགོས་པའི”བླང་བྱ་བཏོན་གནང་བ་རེད།
བོད་ཀྱི་འབྲོག་པ་མང་ཚོགས་ལ“ཁྱེད་ཚོས་མུ་མཐུད་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་རྒྱུན་འཛིན་བྱས་ནས་འབྲོག་པ་མང་ཚོགས་དེ་བས་མང་བ་སྐལ་བཟང་མེ་ཏོག་ལྟར་གངས་ལྗོངས་མཐའ་མཚམས་སུ་གཞི་ཚུགས་པར་སྐུལ་ཁྲིད་བྱས་ཏེ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་དུ་འགྱུར་རྒྱུའི་རེ་བ་ཡོད”ཅེས་ལྕག་སྐུལ་གནང་ཡོད།
སྐལ་བཟང་མེ་ཏོག་བཞད་པ་དང་བགྲོད་ལམ་བརྟན་ཞིང་བདེ་སྐྱིད་ཡུན་རིང་ལྡན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་བརྒྱུད་བོད་ཀྱིས་རྒྱལ་ཡོངས་དང་མཉམ་དུ་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་བླངས་ནས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཐུབ་པར་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་བ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ། གངས་ལྗོངས་ས་མཐོར་སྐྱེ་སྟོབས་ཀྱི་དཔལ་འབར་བ་བཅས་བྱུང་ཡོད།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱང་ལམ་གསར་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་དུ་བཏོད་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ལེའུ་གསར་པ་རྩོམ་དགོས”ཞེས་པ་དང་། གངས་ལྗོངས་ཀྱི་འཆར་གཞི་གསར་པ་འདིང་དགོས་པ། “མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཧུར་ཐག་བསྐྲུན་དགོས”ཞེས་མངགས་བཅོལ་གནང་ཡོད།
མཐུན་སྒྲིལ་ལག་གདང་སྦྲེལ་ནས་སྔར་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་མཉམ་དུ་བཏོད། བྱང་སྐར་སྤུན་བདུན་གྱི་ལམ་སྟོན་ཇི་བཞིན་བསྐྱོད་ན་ལམ་ནོར་ཐེབས་མི་སྲིད་པ་དང་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ན་བདེ་སྐྱིད་ཐོབ་ངེས་རེད་ཅེས་པའི་བོད་ཀྱི་ས་གནས་ཁག་གི་ཁྲོམ་གཞུང་ཆེ་ཆུང་གང་སར་མཐོང་རྒྱུ་དང་ཐོས་རྒྱུ་ཡོད་པའི་སྐད་ཆ་དེ་ནི་གངས་ལྗོངས་ཀྱི་བུ་ཕྲུག་ཚོས་བློ་བརྟན་འགྱུར་མེད་དང་ཡིད་ཆེས་ཆེན་པོས་ལན་བཏབ་པ་ཞིག་རེད།
འབྲེལ་ཡོད་གསར་འགྱུར།