དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལས་ཞུགས་ཀྱི་ལས་གནས་མང་ཤོས་དུས་སུ་གོ་སྐབས་ཀྱང་མང་བ།

    ཞབས་ཞུའི་ལས་རིགས་ཀྱིས་ལས་ཞུགས་ཀྱི་བར་མཐོངས་ཆེན་པོ་བཏོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  མི་དམངས་དྲ་བའི་གསར་འགོད་པ། ལིའུ་དབྱང་། ཝང་ཐེན་ལེ། ཁྲེ་ཁོ་མོང་།   |     སྤེལ་དུས།  2026-05-24

    ཞབས་ཞུའི་ལས་རིགས་ཀྱིས་གནས་བབ་གཙོ་བོ་བཟུང་བའི་སྐབས་དེ་མི་སེར་དཀྱུས་མའི་ངོས་ནས་བརྗོད་ན་དོན་སྙིང་གང་ཞིག་ལྡན་ཡོད་ཅེ་ན།

    དེས་གང་ས་གང་དུ་དེ་བས་སྟབས་བདེ་ཞིང་སེམས་རྩ་འཁོལ་བའི་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པ་མ་ཟད། མི་དུང་ཕྱུར་ཁ་ཤས་ལ་ལས་ཞུགས་ཀྱི་བར་མཐོངས་རྒྱ་ཆེན་པོ་ཞིག་ཀྱང་བཏོད་ཡོད།

    “བསྡུ་ཉར་མཁན་ཞིག་མ་བྱས་གོང་། ངས་གཙང་སྦྲའི་ལས་ཀ་བྱེད་ཀྱི་ཡོད། ད་ལྟ་ཡོང་འབབ་མི་ཉུང་བ་འཕར་བྱུང”ཞེས་ཉེ་ཆར་གསར་འགོད་པས་མགྲོན་ཁང་ཞིག་ནང“ཉིན་གཅིག་གི་བསྡུ་ཉར་བྱས་ཚུལ”ཉམས་སུ་མྱོང་བར་སྐྱོད་སྐབས་བསྡུ་ཉར་མཁན་ཆིན་ཀྲེང་ཁྲུན་གྱིས་དེ་ལྟར་བཤད་ཅིང་། ཁོང་གིས་འགྲུལ་ཁང་ནང་འཛུལ་སྐབས་ལྷམ་ཤུབས་གྱོན་པ་དང་། བྱང་བུ་འདྲད་པ། འགྲུལ་པའི་དགོས་མཁོར་རྒྱུས་ལོན་བཅས་བྱས་རྗེས་བདེ་ཅག་འཁྱུག་པོས་ལས་ཀ་བྱེད་འགོ་ཚུགས།

    “འགྲུལ་པ་འགའི་རེ་བ་མཐོ་བས། རྐང་ཤུབས་ཚོན་མདོག་མི་འདྲ་བ་ཡིན་གཅིག་ཆ་བསྒྲིགས་ནས་འཇོག་དགོས་ཀྱང་། རེ་འགར་ཅ་ལག་འཚོལ་བདེ་སར་བཞག་ན་དེ་ཙམ་གྱིས་འགྲིག་པས་རྙོག་དྲ་མེད”ཅེས་ཆིན་ཀྲེང་ཁྲུན་གྱིས་ཤོད་ཞོར་ཤུར་ཅོག་ཁ་ཤས་ནང་བླུགས་པའི་གྱོན་གོས་དག་གྲལ་འགྲིག་པོས་ལྟེབ་རྩེག་བརྒྱབ་ཚར་འདུག

    “ལས་ཀ་བྲེལ་བ་ཆེན་པོ་ཡོད་ཀྱི་རེད”ཅེས་གསར་འགོད་པས་དྲིས།

    ཆིན་ཀྲེང་ཁྲུན་གྱིས་དགོད་བཞིན་དུ“བྲེལ་བ་ཆེན་པོ་འདུག ཉིན་ལྟར་མངགས་ཐོ་འབྱོར་གྱི་འདུག དུས་ཆེན་དང་གུང་གསེང་རིང་རང་ཉིད་མགོན་པོ་ཕྱག་དྲུག་ཡིན་ན་ཅི་མ་རུང་སྙམ”ཞེས་བཤད།

    ཆིན་ཀྲེང་ཁྲུན་ལ་བྱུང་བའི་མྱོང་ཚོར་ནི་རང་རྒྱལ་གྱི་མི་འབོར་གྲུབ་ཆར་འགྱུར་ལྡོག་དང་འཛད་སྤྱོད་ཀྱི་གྲུབ་ཆ་རིམ་སྤོར་བྱུང་ནས་ཞབས་ཞུའི་འཛད་སྤྱོད་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་འགྲོ་བར་སྐུལ་མ་ཐེབས་པའི་མཚོན་ཚུལ་ཞིག་རེད།

    ད་དུང་གྲངས་གཞི་ལས་ཐད་ཀར་མངོན་ཐུབ་པ་ནི། 2025ལོར་རང་རྒྱལ་གྱི་ཞབས་ཞུའི་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར་ཁྲི་80ལས་ཐོག་མར་བརྒལ་ནས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཁྲོད་57.7%བཟུང་ཡོད། ད་ལོའི་དུས་ཚིགས་དང་པོར་ཞབས་ཞུའི་སིལ་ཚོང་དངུལ་འབོར་དུས་མཚུངས་ལས་5.5%འཕར་ནས་མི་རྣམས་ཀྱིས་འཚོ་བའི་སྤུས་ཚད་ལ་བཅངས་པའི་འདོད་འདུན་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད་པ་མ་ཟད། རྒན་རྒོན་ཇེ་མང་སོང་བ་དང་ཕྲུ་གུ་གསོ་བའི་མ་གནས་མཐོ་རུ་ཕྱིན་ནས་རྒན་གསོ་དང་། བུ་བཅོལ་ཞབས་ཞུ། བདེ་ཐང་། ནད་གཡོག་སོགས་ཀྱི་ཞབས་ཞུའི་དགོས་མཁོའང་སྔར་བས་མང་དུ་འགྲོ་བར་སྐུལ་མ་ཐེབས་བཞིན་ཡོད།

    བརྒྱུད་རིམ་དེའི་ཁྲོད་ཞབས་ཞུའི་ལས་རིགས་དེ་ཉིད་རང་རྒྱལ་གྱི་ལས་ཞུགས་ལས་གནས་མང་ཤོས་སུ་གྱུར་ཡོད། 2025ལོའི་ལོ་མཇུག་ཏུ་རྒྱལ་ཡོངས་སུ་ལས་ཞུགས་བྱེད་མཁན་ཁྲི་72504ཟིན་པའི་ཁྲོད་ནས་ཞབས་ཞུའི་ལས་རིགས་སུ་ཞུགས་མཁན་གྱིས་50%ཡས་མས་བཟུང་ཞིང་། ཉོ་སྐྱེལ་བ་དང་། དྲ་འབོད་རླངས་འཁོར་གྱི་ཁ་ལོ་བ། གཙང་སྦྲ་བ་བཅས་ཀྱིས་སྟབས་བསྟུན་ལས་ཞུགས་ཀྱི་གཞི་རྐང་ཞིག་ཆགས་པའི་ཁར། ཉེ་བའི་ལོ་ཤས་རིང་དམངས་སྲོལ་གནས་ཚང་གཉེར་མཁན་དང་། བསྡུ་ཉར་མཁན། སྨན་པ་བསྟེན་རོགས་པ། དྲ་ཐོག་ཐད་ཚོང་བ་སོགས་ལས་རིགས་གསར་པ་དང་། ལས་སྣ་གསར་པ། ལས་གནས་གསར་པ་བཅས་རྒྱུན་མི་ཆད་པར་ཐོན་པ་དག་མང་ཆེ་བ་ཞབས་ཞུའི་ལས་རིགས་ཡིན་པ་རེད།

    ལས་རིགས་གསར་པ་གང་དག་ལ་དོ་ཁུར་བྱེད་རིན་ཡོད་པ་དང་། མི་སེར་དཀྱུས་མ་ལས་རིགས་གསར་པ་དེ་དག་ཏུ་ཞུགས་ན་རྗེས་ཟིན་ནམ།

    “ལས་ཀ་རྦད་དེ་བྱེད་ཐུབ་ཀྱི་རེད། གང་ལགས་ཤེ་ན། ལས་ཞུགས་ཀྱི་རེ་བ་དེ་ཙམ་མཐོ་པོ་མེད་ལ། ལས་ཞུགས་ཀྱི་དགོས་མཁོ་ཧ་ཅང་ཁ་གསལ་བ་དང་གླ་ཕོགས་ཀྱང་བརྟན་པོ་ཡོད”ཅེས་58གྲོང་ཁོངས་ཁྱིམ་འབྱོར་གསོ་སྦྱོང་པུའི་ལས་དོན་པ་ཧོང་ཤའོ་ཧྭ་ཡིས་གསར་འགོད་པར་བཤད་བྱུང་།

    ཁྱིམ་ལས་ཞབས་ཞུའི་ལས་རིགས་དེ“ཉམས་མྱོང་ཁོ་ནར་བརྟེན་པ”ནས“ཆེད་ལས་ལ་བརྟེན་པའི”ཕྱོགས་སུ་འགྱུར་བའི་ཐོག “རྒན་གཅིག་གཞོན་གཅིག”གི་དགོས་མཁོ་སྔར་བས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཏེ། བྱིས་པར་ལྟ་རོགས་པ་དང་། རྒན་རྒོན་ལྟ་སྐྱོང་བ། སྨན་པ་བསྟེན་རོགས་པ་སོགས་ཀྱི་ལས་གནས་རིམ་པས་དར་བཞིན་ཡོད་པར་ཁོང་གིས་ངོས་འཛིན་བྱེད་ཀྱི་ཡོད།

    ཧོང་ཤའོ་ཧྭ་ཡིས“སྤྱིར་ན་དོ་བདག་གི་དགོས་མཁོ་ཞིབ་ཚགས་སུ་འགྲོ་བ་དང་ཆབས་ཅིག ལས་རིགས་ཀྱི་སྤུས་ཚད་དང་། ཆེད་ལས། ཞིབ་ཚགས་བཅས་ལའང་དང་དོད་སྔར་བས་ཆེ་རུ་འགྲོ་གི་ཡོད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་ཆོས་གྲགས།

འབྲེལ་ཡོད་གསར་འགྱུར།