སྤྱི་བདེ་པུས་དཔལ་འབྱོར་ཉེས་གསོག་ལ་རྡུང་རྡེག་དང་སྔོན་འགོག་གི་ལས་དོན་བསྒྲུབས་ཚུལ་བརྡ་ཁྱབ་བཏང་བ།
དམངས་གཉེར་དཔལ་འབྱོར་གྱི་ཁྲིམས་མཐུན་ཁེ་ཕན་ལ་གནོད་འཚེ་བཏང་བའི་ཁྲིམས་འགལ་ཉེས་གསོག་ནས་ཁྱད་ཆོས་གསར་པ་གསུམ་མངོན་པ།
དམངས་གཉེར་དཔལ་འབྱོར་གྱི་ཁྲིམས་མཐུན་ཁེ་ཕན་ལ་གནོད་འཚེ་བཏང་བའི་ཁྲིམས་འགལ་ཉེས་གསོག་ནས་ཁྱད་ཆོས་གསར་པ་གསུམ་མངོན་པ།
ཟླ་5ཚེས་20ཉིན། སྤྱི་བདེ་པུས་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་སྤྱི་བདེ་ལས་ཁུངས་ཀྱིས་དཔལ་འབྱོར་ཉེས་གསོག་ལ་རྡུང་རྡེག་དང་སྔོན་འགོག་གི་ལས་དོན་བསྒྲུབས་པའི་བྱེད་ཐབས་དང་ཕན་འབྲས་སྐོར་གྱི་གནས་ཚུལ་བརྡ་ཁྱབ་བཏང་བ་རེད།
སྤྱི་བདེ་པུའི་དཔལ་འབྱོར་ཉེས་གསོག་མྱུལ་ཞིབ་ཅུས་ཀྱི་ཅུས་ཀྲང་ཧྭ་ལེ་པིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། 2025ལོ་ནས་བཟུང་། རྒྱལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་དཔལ་འབྱོར་དང་དངུལ་རྩའི་ཉེན་ཁ་སྔོན་འགོག་དང་སེལ་རྒྱུར་དམིགས་ནས་མངོན་གསལ་དོད་པའི་དཔལ་འབྱོར་ཉེས་གསོག་གི་བྱེད་སྤྱོད་སྣ་ཚོགས་ལ་ཁྲིམས་ལྟར་རྡུང་རྡེག་ནན་པོ་བཏང་ཞིང་། ད་ལོའི་ཟླ་བ་བཞི་པའི་ཟླ་མཇུག་བར། དཔལ་འབྱོར་ཉེས་གསོག་གི་གྱོད་གཞི་སྣ་ཚོགས་ཁྲི་12.8རྩད་ཆོད་ནས་དཔལ་འབྱོར་གྱི་གྱོང་གུན་སྒོར་དུང་ཕྱུར་375ཚུར་ལེན་ཐུབ་ཡོད།
ཡོངས་བསྒྲགས་ཚོགས་འདུར་2025ལོ་ནས་བཟུང་སྤྱི་བདེ་ལས་ཁུངས་ཀྱིས་དཔལ་འབྱོར་ཉེས་གསོག་ལ་རྡུང་རྡེག་བཏང་བའི་དཔེ་མཚོན་གྱོད་གཞི་20ཡོངས་བསྒྲགས་བྱས་ཤིང་། ཅང་སུའུ་ཡི་ཧྥེང་ཆེ་གེ་མོ་སོགས་ཀྱིས་ངན་པ་ཁ་བསྒྲིལ་བའི་འོས་སྤྲོད་གྱོད་གཞི་ནི་དེའི་ནང་གི་གཅིག་རེད།
ཅང་སུའུ་ཞིང་ཆེན་ལན་ཡུན་ཀང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་མྱུལ་ཞིབ་བྱས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2022ལོའི་ཟླ་བ་ལྔ་པ་ནས་བཟུང་། ཉེས་གསོག་དོགས་ཅན་ཧྥེང་ཆེ་གེ་མོས་ཏུང་ཧའེ་རྫོང་གི་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་རྣམ་གྲངས་ཁྲོད་ནས་འོས་ཐོབ་བདེ་བླག་ངང་རག་པ་བྱ་ཆེད་བར་མིར་རྔན་པ་སྤྲད་པ་དང་། བར་མིས་འཛུགས་སྐྲུན་འོས་ཐོབ་ལྡན་པའི་ཀུང་སི་10ལྷག་ཙམ་དང་འབྲེལ་བ་བྱས་ཏེ་གོང་གསལ་གྱི་ས་ཞིང་འཛུགས་སྐྲུན་རྣམ་གྲངས་ཀྱི་འོས་དཔོད་འོས་འགུགས་མང་པོར་རྒྱ་རྙི་བཞིན་གྱི་འོས་སྤྲོད་བྱས་མཐར། ཧྥེང་ཆེ་གེ་མོས་ཚོད་འཛིན་བྱས་པའི་ཁྱུ་མཐུན་འོས་དཔོད་ཀུང་སིར་འོས་ཐོབ་ཐེངས་གཉིས་རག་པར་འབྲེལ་ཡོད་དངུལ་གྲངས་སྒོར་ཁྲི་3400ཟིན་པ་དང་། དེ་ནས་ཧྥེང་ཆེ་གེ་མོས་གཞན་ལ་ངན་སྐུལ་བྱས་ནས་འོས་ཐོབ་རྣམ་གྲངས་ཕྱོགས་གསུམ་པར་འགན་གཙང་སྤྲད་དེ་དེའི་ཁྲོད་ནས་ཁྲིམས་འགལ་གྱི་ཁེ་ཕན་རག་ཐབས་བྱས་ཡོད། 2025ལོའི་ཟླ་བ་བརྒྱད་པར། ཅང་སུའུ་ཞིང་ཆེན་ཏུང་ཧའེ་རྫོང་མི་དམངས་ཁྲིམས་ཁང་གིས་ངན་པ་ཁ་བསྒྲིལ་བའི་འོས་སྤྲོད་ཀྱི་ཉེས་པའི་ཐོག་ནས་ཧྥེང་ཆེ་གེ་མོ་སོགས་ལ་ཁྲིམས་བཞིན་དུས་བཀག་བཙོན་འཇུག་བྱ་རྒྱུ་དང་འབྲེལ་དངུལ་ཆད་ཀྱང་གཅོད་རྒྱུའི་ཁྲིམས་ཐག་བཅད་པ་རེད།
ཅང་སུའུ་ཞིང་ཆེན་སྤྱི་བདེ་ཐིང་དཔལ་འབྱོར་ཉེས་གསོག་མྱུལ་ཞིབ་སྤྱི་ཁྱབ་རུ་ཁག་གི་སྤྱི་ཁྱབ་རུ་དཔོན་ཀྲོའུ་ཡུས་ཀྱིས། ཉེས་གསོག་དེ་རིགས་ནས་ཁྱད་ཆོས་གསར་པ་གཙོ་བོ་གསུམ་མངོན་པ་སྟེ། གཅིག་ནི་དངུལ་རྩའི་ཁྱབ་ཁོངས་སུ་ཁེ་ལས་དང་འབྲེལ་བའི་ཉེས་གསོག་མངོན་གསལ་དོད་ཅིང་། ཁྲིམས་འགལ་བས་དམངས་གཉེར་ཁེ་ལས་འབྲིང་ཆུང་གི་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོར་དམིགས་ནས“དངུལ་བུན་གྱི་གླགས་འཚོལ་བ”དང་། “མཚམས་སྦྱོར་བར་བརྫུས་པ” “ཚོད་སྐོར་སྒྲིག་གཞི་དང་ངན་འབྲེལ་བྱེད་པ”སོགས་ལ་ཁྱབ་པའི་ཉེས་གསོག་འབྲེལ་ཐག་ཅིག་ཆགས་པ་ནས་ཚོགས་པ་དང་ཐོན་ལས་ཅན་དུ་འགྱུར་བའི་ཁྱད་ཆོས་མངོན་པ་དང་། གཉིས་ནི་ནང་ཁུལ་གྱི་ལས་ཐོག་ཉེས་གསོག་འཕྲལ་མར་མཐོང་དཀའ་ཞིང་། དམངས་གཉེར་ཁེ་ལས་ཀྱི་འགག་རྩའི་ལས་གནས་ཀྱི་མི་སྣས་ཉོ་སྒྲུབ་དང་། ཕྱིར་ཚོང་། ནོར་དོན་སོགས་ཀྱི་འགན་དབང་སྤྱད་དེ་ལས་ཐོག་བཙན་བཟུང་དང་། མ་དངུལ་གཞན་སྤྱོད། རྒྱལ་ཁབ་ཀྱི་གཞུང་ལས་པ་མིན་རིགས་ལ་ལྐོག་རྔན་སྤྲོད་པ་སོགས་ཀྱི་ཉེས་པ་བསགས་པ་ནས་ཉེས་གསོག་གི་བྱེད་ཐབས་མངོན་ཆུང་ལ་རྒྱུན་རིང་བའི་ཁྱད་ཆོས་མངོན་པ། གསུམ་ནི་ས་ཁོངས་ལས་བརྒལ་བའི་ཉེས་གསོག་གི་ཁྱད་ཆོས་མངོན་གསལ་ཆེ་ཞིང་། ཁྲིམས་འགལ་བས་མཁོ་སྤྲོད་འཁོར་འབྲེལ་ས་ཁོངས་སྒྲོལ་བའི་ཁྱད་ཆོས་ལ་བརྟེན་ནས་མ་བཅོས་རྒྱུ་ཆ་ཉོ་སྒྲུབ་དང་། ལས་སྣོན། ཟོག་འགྲེམས་སྐྱེལ་འདྲེན་སོགས་ཀྱི་ལྷུ་ཚིགས་མང་པོར་གཡོ་ཇུས་བཤམས་པས། གནོད་འཚེ་ཕོག་མཁན་ཁེ་ལས་ས་ཁུལ་དང་གྲོང་ཁྱེར་མི་འདྲ་བ་དང་ཐ་ན་ཞིང་ཆེན་མང་པོར་ཁྱབ་སྲིད་པའི་ཁྱད་ཆོས་ལྡན་ཡོད་ཅེས་བཤད།
དམངས་གཉེར་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་དེ་བས་ལེགས་པ་བྱ་ཆེད། ས་གནས་ཁག་གི་སྤྱི་བདེ་ལས་ཁུངས་ཀྱིས་ཕྱོགས་གཅིག་ནས་འབྲེལ་ཡོད་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་བ་དང་། ཕྱོགས་གཞན་ཞིག་ནས་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་དང་འཐུས་སྒོ་ཚང་དུ་གཏོང་བའི་ལག་ལེན་ཁྲོད་པེ་ཅིང་གི“ཅིང་ཝུའུ་ཝུའེ”ཡི་ཉེན་རྟོག་པ་དང་ཁེ་ལས་ཀྱི་ཞབས་ཞུའི་ས་ཚིགས་དང་། ཐེན་ཅིན་གྱི“ཁེ་ལས་ལ་ཞབས་འདེགས་ཞུ་བའི་ཉིན་མོ” ཧྲང་ཧའེ་ཡི“ཆུ་སྲིན་སྔོན་པོའི”ཁེ་ལས་སྲུང་སྐྱོང་གི་ལས་དོན་ས་ཚིགས་སོགས་ཁེ་ལས་སྲུང་སྐྱོང་དང་ཚོང་ལས་བདེ་འཇགས་ཡོང་བའི་སྤུས་རྟགས་ཚན་པ་རབ་དང་རིམ་པ་སྔ་རྗེས་སུ་བཏོད་དེ། ཉེན་རྟོག་པ་དང་ཁེ་ལས་དབར་གྱི་འབྲེལ་གཏུག་ཞབས་ཞུའི་ལམ་སྲོལ་ལ་བརྟེན་ནས་ཁེ་ལས་ཀྱི་དགོས་མཁོ་འདྲི་རྩད་དང་ཁེ་ལས་ལ་དཀའ་ངལ་སེལ་རོགས་སོགས་ཀྱི་བྱེད་སྟངས་བརྒྱུད། དུས་ཐོག་ཏུ་ཁེ་ལས་ལ་དོ་ཁུར་བྱེད་པ་དང་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་ཁྲིམས་ལྟར་སྲུང་སྐྱོང་བྱས་པར་ཁེ་ལས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད།
ཉེན་རྟོག་ཕྱོགས་ཀྱིས་རྒྱ་ཆེའི་དམངས་གཉེར་ཁེ་ལས་མཁས་ཅན་ལ་ཁྲིམས་སྐྱོང་གི་འདུ་ཤེས་དང་ཉེན་ཁ་སྔོན་འགོག་བྱེད་ནུས་ཆེ་རུ་གཏོང་བ་དང་། ནང་ཁུལ་གྱི་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། གན་རྒྱ་ཞིབ་བཤེར་དང་། དངོས་ཟོག་ཉོ་སྒྲུབ། ནོར་དོན་ལ་ཞིབ་མཆན་འགོད་པ་སོགས་ཀྱི་གཙོ་གནད་ལྷུ་ཚིགས་ཚད་ལྡན་དུ་གཏོང་བ། ནང་ཁུལ་གྱི་སྤྱོད་གཙང་སློབ་གསོར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་དཔལ་འབྱོར་གྱི་ཉེས་གསོག་འབྱུང་རྩ་ནས་མི་ཐོན་པར་བྱེད་དགོས་པའི་དྲན་སྐུལ་བྱས་པ་མ་ཟད། ད་དུང་སྤྱི་བདེ་ལས་ཁུངས་ཀྱིས་ཁེ་ལས་ལ་གནོད་འཚེ་བཟོ་བའི་དཔལ་འབྱོར་ཉེས་གསོག་ལ“བཟོད་སྒོམ་གཏན་ནས་མི་བྱེད་པའི”རྣམ་འགྱུར་ཐོག་མཐའ་བར་གསུམ་དུ་བཅངས་ནས་དམངས་གཉེར་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བའི་ཉེས་གསོག་བྱེད་སྤྱོད་ཅི་རིགས་སྤེལ་བར་བཅའ་ཁྲིམས་ཀྱི་ཆད་པ་ནན་པོ་གཅོད་རྒྱུ་ཡིན་ཚུལ་ཁྲིམས་འགལ་བར་ནན་གྱིས་བསྒྲགས་པ་རེད།
འབྲེལ་ཡོད་གསར་འགྱུར།