དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • ལྷག་བསམ་ཟོལ་མེད་བཅངས་ནས་བྱིས་པའི་སེམས་ཀྱི་ཞིང་ས་བརླན་པ།

    ​—— ལྷ་རྩེ་རྫོང་བུ་བཅོལ་ཁང་གཉིས་པས་མི་རིགས་མཐུན་སྒྲིལ་གྱི་སློབ་གསོར་ཤུགས་སྣོན་བརྒྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-23

    སྤུས་ལེགས་ཀྱི་སློབ་གསོའི་ཐོན་ཁུངས་ནི་རིན་གོང་མཐོ་བའི་སྒྲིག་བཀོད་དང་དར་སོ་ཆེ་བའི་སློབ་ཆས་གཅིག་བུ་ཡིན་ནམ།

    ལྷ་རྩེ་རྫོང་བུ་བཅོལ་ཁང་གཉིས་པའི་དགེ་རྒན་ཚོས་རང་གི་ལག་གཉིས་ལ་བརྟེན་ནས་ཐུན་མོང་མ་ཡིན་པའི་ཁྱད་ལྡན་ལག་ཤེས་སློབ་ཆས་མང་པོ་བཟོས་ཏེ། མི་སེམས་འགུལ་བའི་སློབ་གསོ་མངོན་པར་བྱས་ཡོད།

    བུ་བཅོལ་ཁང་གི་སློབ་ཁྲིད་ཐོག་ཁང་དུ་སྐྱོད་སྐབས། ལག་ཤེས་ལ་བརྟེན་ནས་བཟོས་པའི་བྱིས་སྒྲུང་གི་འཇིག་རྟེན་ཞིག་ཏུ་སླེབས་པ་དང་འདྲ་བར། གང་སར་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་འདུས་པའི་ལག་ཤེས་བཟོ་རྩལ་མང་པོ་འདུག

    བར་ཁྱམས་ཀྱི་འགྲེམས་པང་དུ《ལུའུ་ཏིང་ཟམ་པ་འཕྲོག་པ》དང་། 《ཧོང་ཅི་ཀོང》 《ལིའུ་ཧུའུ་ལན》སོགས་རྣ་བར་འཇགས་ཤིང་ངག་ལ་གསལ་བའི་གཏམ་རྒྱུད་བཀལ་ཡོད་ལ། དགེ་རྒན་ཚོས་ཤོག་བུའི་ཐོག་ཏུ་རི་མོ་འབྲི་བ་སོགས་ཀྱི་བྱ་ཐབས་བརྒྱུད་གསུང་རབ་གཏམ་རྒྱུད་མང་པོ་མངོན་པར་བྱས་ཡོད།

    འཁྲབ་སྟོན་ཁུལ་དུ། དགེ་རྒན་ཚོས་ལག་ཤེས་སྤྱད་དེ་སྐྲ་མཛེས་ཁང་དང་། སྒོ་རྩིས་ཚོང་ཁང་། ཉེན་རྟོག་ཅུས། ཐབ་ཚང་སོགས་མང་པོ་བཟོས་པའི་ནང་དེ་མཚུངས་ཀྱི་ལག་ཤེས་ཡོ་ཆས་ཆ་ཚང་བསྒྲིགས་ནས་ཕྲུ་གུ་ཚོར་རོལ་རྩེད་ཁྲོད་འཚོ་བར་རྒྱུས་མངའ་ལོན་པ་དང་ཉམས་ལེན་ཐུབ་པར་བྱས་ཡོད།

    ད་དུང་རི་མོ་འབྲི་ཁུལ་དུ་ཅིང་ཅུས་ཟློས་གར་གྱི་འབག་གི་རི་མོ་དང་། རོལ་དབྱངས་ཁུལ་དུ་མི་རིགས་ཁག་གི་ཁྱད་ལྡན་རོལ་ཆ། ཐེམ་སྐས་གྱང་ངོས་སུ་མི་རིགས་མཐུན་སྒྲིལ་གྱི་འབྲུ་རིགས་སྣ་ལྔའི་ལག་ཤེས་རི་མོ་སོགས་བཀོད་ཡོད།

    “ལག་ཤེས་བརྩམས་ཆོས་དེ་དག་ཚང་མ་དགེ་རྒན་སོ་སོས་ཇུས་འགོད་བྱས་ནས་བཟོས་པ་དང་། མི་རིགས་མཐུན་སྒྲིལ་གྱི་བསམ་བློ་འདུས་ཡོད་པ་མ་ཟད། ད་དུང་བྱིས་པ་འཚར་ལོངས་ཀྱི་ཆོས་ཉིད་དང་ཟུང་འབྲེལ་བྱས་པར་བརྟེན། ཕྲུ་གུ་ཚོ་རོལ་རྩེད་ཁྲོད་སློབ་སྦྱོང་ཐུབ་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སེམས་ལ་འཇགས་ཐུབ་ཡོད”ཅེས་བུ་བཅོལ་ཁང་གི་ཡོན་ཀྲང་ཚེ་རིང་གཡང་ལགས་ཀྱིས་བརྗོད་པ་དང་། ཁོང་གིས། ལོ་རེའི་དབྱར་དགུན་གུང་གསེང་སྐབས། དགེ་རྒན་ཚོས་བརྩམས་ཆོས་ཚང་མ་ཡང་བསྐྱར་ཇུས་འགོད་བྱས་ནས་བརྗེ་གི་ཡོད་པས། ཕྲུ་གུ་ཚོར་རྟག་ཏུ་བརྩམས་ཆོས་གསར་པ་མཐོང་ཐུབ་ཀྱི་ཡོད་ཅེས་བརྗོད།

    ལྷ་རྩེ་རྫོང་བུ་བཅོལ་ཁང་གཉིས་པའི་དགེ་རྒན་དང་བྱིས་པའི་ནང་བོད་རིགས་དང་། ཧུད་རིགས། རྒྱ་རིགས། ལྷོ་པ་རིགས་སོགས་མི་རིགས་མང་པོ་ཡོད་ཅིང་། “ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དེ་ཕྲུ་གུའི་དུས་ནས་མཐོང་ཆེན་བྱེད་དགོས་པ”ནི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སློབ་ཆས་དེ་དག་ཇུས་འགོད་དང་བཟོ་བའི་ཐོག་མའི་བསམ་འདུན་རེད། དགེ་རྒན་ཚོ་ནི“ལག་ཤེས་མཁས་པ”ཡིན་ཞིང་། མ་དཔེ་མེད་ན་ཚང་མས་མཉམ་དུ་བསམ་བློ་གཏོང་བའམ་སྤེལ་རེས་བྱེད་པ་དང་། ཡུན་ནན་གྱི་ཚོས་རྒྱག་སྟངས་དང་འཁལ་འཐག་འཕྲུལ་འཁོར་སྤྱོད་སྟངས་སོགས་སྦྱངས་ནས་བཟོས་པའི་བརྩམས་ཆོས་ལས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་མངོན་པར་བྱས་ཡོད།

    སྣ་མང་ཕུན་སུམ་ཚོགས་པའི་མི་རིགས་ཀྱི་གཞི་རྒྱུ་ལས་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་ནི་ལྟ་ཐུབ་པ་དང་། རེག་ཐུབ་པ། ཉམས་ལེན་ཐུབ་པ་བཅས་བྱུང་ཞིང་། བར་ཁྱམས་སུ། ཕྲུ་གུ་ཚོས་མི་རིགས་གཏམ་རྒྱུད་ཀྱི་འགྲེམས་པང་འགྲམ་དུ་མི་རིགས་ཁག་འཆམ་མཐུན་མཉམ་གནས་ཀྱི་གཏམ་རྒྱུད་ཉན་པ་དང་། རི་མོ་འབྲི་ཁུལ་དུ། ཕྲུ་གུ་ཚོས་རྒན་ལགས་ཀྱིས་གྲ་སྒྲིག་གནང་བའི་རྒྱུ་ཆ་ཁྱེར་ནས་བོད་བཟོའི་རི་མོ་དང་ཅིང་ཅུས་ཟློས་གར་གྱི་འབག་གི་རི་མོ་འབྲི་བ། འཁལ་འཐག་ཁུལ་དུ། ཕྲུ་གུ་ཚོ་ཆེད་མངགས་ཇུས་འགོད་བྱས་པའི་འཁལ་འཐག་འཕྲུལ་འཁོར་ཆུང་ངུའི་མདུན་དུ་བསྡད་དེ་རྒྱ་རིགས་དང་བོད་རིགས་ཀྱི་འཁལ་འཐག་འཕྲུལ་འཁོར་གྱི་ཁྱད་ཆོས་ཉམས་སུ་མྱོང་བ་སོགས་རེད།

    གཞན་ཡང་། བུ་བཅོལ་ཁང་གིས་ཚོན་མདོག་མི་འདྲ་བ་སྤྱད་དེ་ལོ་རིམ་མི་འདྲ་བ་དབྱེ་ཞིང་། འཛིན་གྲྭ་ཆུང་བ་ནི་བྱིས་བློ་མཚོན་པའི“ཟིང་མདོག”ཡིན་པ་དང་། འཛིན་གྲྭ་འབྲིང་བ་ནི་འཚར་ལོངས་མཚོན་པའི“ལྗང་མདོག”ཡིན་པ། འཛིན་གྲྭ་ཆེ་བ་ནི་འབྱུང་འགྱུར་མཚོན་པའི“སྔོན་མདོག”རེད། ཚོན་མདོག་དེ་དག་ལས་ཕྲུ་གུ་ཚོ་བདེ་ཐང་དང་སྤྲོ་སྣང་ལྡན་པའི་ངང་འཚར་ལོངས་ཡོང་བར་བཅངས་པའི་རེ་བ་བཟང་པོ་མཚོན་ཡོད།

    ལྷ་རྩེ་རྫོང་བུ་བཅོལ་ཁང་གཉིས་པའི་དགེ་རྒན་ཚོས་ཆེས་སྟབས་བདེའི་ལག་ཤེས་དང་ལྷག་བསམ་ཟོལ་མེད་ལ་བརྟེན་ནས། སྦྲང་ཆར་སིལ་མས་སྐྱེ་དངོས་གསོས་པ་བཞིན་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཕྲུ་གུ་ཚོའི་སེམས་སུ་བརྟན་པོ་འཇགས་པར་བྱེད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།