མཐའ་དར་དམངས་ཕྱུག་ཞིང་ས་གཤིན་པོ་རུ། བརྟན་ལྷིང་འཕེལ་རྒྱས་མཐུན་སྒྲིལ་མེ་ཏོག་བཞད།
བོད་ཞི་བས་བཅིངས་འགྲོལ་བཏང་ཚུན། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་རོགས་སྐྱོར་ཤུགས་ཆེན་འོག བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་ཏེ་སེ་འབྲུའི་རྡོག་པོ་བཞིན་གོང་བུ་གཅིག་ཏུ་བསྒྲིལ་ནས། མི་རིགས་མཐུན་སྒྲིལ་དང་། དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་བརྟན་ལྷིང་བཅས་ཀྱི་མཛེས་སྡུག་ལྡན་པའི་ལེའུ་ཐུན་མོང་ཐོག་བརྩམས་ཡོད། ད་ཆ་མི་རིགས་ཁག་གི་མང་ཚོགས་ཤ་རུས་གཅིག་པའི་སྤུན་མཆེད་བཞིན་ཕན་ཚུན་ལྟ་སྐྱོང་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་པ། ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་དར་རྒྱས་གོང་འཕེལ་གཏོང་བཞིན་པའི་དུས་རབས་གསར་པའི་མཛེས་སྡུག་ལྡན་པའི་རི་མོ་ཞིག་གངས་ལྗོངས་ས་མཐོར་ཁྲ་ཐིང་ཐིང་དུ་མངོན་བཞིན་ཡོད།
མིག་སྔའི་བར། བོད་ལྗོངས་ཀྱི་མཉམ་སྡེབ་154དང་མི་སྒེར་204ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཚན་སྙན་ཐོབ་པ་དང་། གྲོང་ཁྱེར(ས་ཁུལ)7ཚང་མ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར(ས་ཁུལ)དུ་བདམས་པ། རྫོང(ས་ཁུལ་དང་གྲོང་ཁྱེར)30རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང(ས་ཁུལ་དང་གྲོང་ཁྱེར)དུ་བདམས་པ། ཚན་པ་54རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཚན་པར་མིང་བཏགས་པ་བཅས་རེད།
བོད་ལྗོངས་ཀྱིས་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། “ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་ནི་ཏང་གི་མི་རིགས་ལས་དོན་གྱི་གཙོ་རྐང་དང་མི་རིགས་ས་ཁུལ་གྱི་ལས་དོན་ཁག་གི་གཙོ་རྐང་ཡང་ཡིན་པའི”བླང་བྱ་གལ་ཆེན་དེ་ལས་ཀའི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཏན་ཏིག་ཁྱབ་པར་བྱས་ནས། བློ་བརྟན་འགྱུར་མེད་ངང་དུས་རབས་གསར་པའི་བོད་ཀྱི་ལས་དོན་ཁག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་སུ་མདུན་སྐྱོད་ཐུབ་པའི་འགན་ལེན་བྱས་ཡོད།
ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གནམ་ཤང་ལྗང་གྲོང་ཚོའི་ཤིང་ཏོག་འབྲི་ཏ་ས་འཛིན་གྱི་དྲོད་ཁང་ནང་ཡུལ་མི་ཚེ་རིང་གིས་འབྲི་ཏ་ས་འཛིན་ལ་གཡོག་བྱེད་བྱེད་བཞིན་ཡོད་ཅིང་། ཁོང་གིས། “ལག་རྩལ་དེ་ནི་རྒན་ཀུའོ་ལགས་སྐུ་ངོ་མས་བསླབས་བྱུང་། ད་ཆ་ངའི་ཁྱིམ་གྱི་དྲོད་ཁང་ཆེན་པོའི་ཡོང་འབབ་སྔོན་ཆད་དང་བསྡུར་ན་ལྡབ་གཅིག་འཕར་སོང”ཞེས་བརྗོད། ཁོང་གིས་བཤད་པའི“རྒན་ཀུའོ་ལགས”ནི་བོད་དུ་ལོ་20ལྷག་ཙམ་འཚོ་བ་བསྐྱལ་ནས་བསྡད་པའི་འདེབས་འཛུགས་དུད་ཚང་ཀུའོ་ཧོ་ཡན་རེད། རྒན་ཀུའོ་ལགས་ཀྱིས་ལོ་འདི་དག་རིང“དགེ་ཕྲུག”80ལྷག་ཙམ་ཁྲིད་པ་དང། མི་རིགས་ཁག་གི་ཡུལ་མིས་ཁོང་གི་ས་ནས་ལག་རྩལ་སྦྱངས་པས་འཚོ་བ་ཇེ་ལེགས་སུ་ཕྱིན་ཡོད།
འཕེལ་རྒྱས་ནི་མི་རིགས་མཐུན་སྒྲིལ་གྱི་རྨང་རྡོ་ལྟ་བུ་ཡིན་ཞིང་། བོད་ལྗོངས་ཀྱིས་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཡོད། “ལོ་ལྔ་ཚན་བཅུ་བཞི་པ”ཚུན་དུ། བོད་ལྗོངས་ཀྱིས་རིམ་རྩིས་བརྒྱབ་ན་གྲངས་ཉུང་མི་རིཌ་འཕེལ་རྒྱས་གཏོང་བའི་ལས་འགན་ཐད་མ་དངུལ་སྒོར་དུང་ཕྱུར་61.15བཏང་ནས། མཐའ་དར་དམངས་ཕྱུག་དང་། ཁྱད་ལྡན་ཐོན་ལས། རྩལ་ནུས་གསོ་སྦྱོང་སོགས་ཀྱི་རྣམ་གྲངས་ཁག་1543ལག་བསྟར་བྱས་ཡོད། 2020ལོ་ནས་བོད་ཀྱིས་ད་དུང་སྒོར་དུང་ཕྱུར་5.12བཏང་སྟེ་ཡོང་འབབ་དམའ་བའི་མང་ཚོགས་ལ་བདེ་ཐང་ཇ་སྤྲད་དེ་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་མི་ཚང་མར་ཕན་ཐོགས་པར་བྱས་ཡོད།
བོད་ལྗོངས་ཀྱིས“འཆར་གཞི་ཁག་གསུམ”ལག་བསྟར་གཏིང་ཟབ་བྱས་ནས། སློབ་གསོ་དང་། ལས་ཞུགས། རིག་གནས་ཡུལ་སྐོར། སྡེ་ཁུལ་སོགས་ཁྱབ་ཁོངས་མང་པོའི་ཐད་ལག་ལེན་གསར་གཏོད་བྱས་ཏེ་མི་རིགས་ཁག་དབར་འགྲོ་འོང་རྒྱ་ཁྱབ་དང་། ཕྱོགས་ཡོངས་ནས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་བཅས་བྱེད་པར་སྐུལ་འདེད་བཏང་ཡོད། 2024ལོར་བོད་ལྗོངས་ཀྱིས“ས་མཐོའི་སེ་འབྲུ་དམར་པོའི”གྲངས་ཉུང་མི་རིགས་ལྟ་སྐོར་ཚོགས་པ་སྒྲིག་འཛུགས་བྱས་ནས་མི་ཐེངས་ཁྲི་3.49རྒྱལ་ནང་དུ་སློབ་སྦྱོང་དང་སྤེལ་རེས་བྱེད་པར་བཏང་བ་དང་། ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་མི་གྲངས་དེ་2012ལོའི་མི་ཐེངས་ཁྲི་45ནས་2024ལོའི་མི་ཐེངས་ཁྲི་64.8བར་མང་དུ་ཕྱིན་པ། རྒྱལ་ནང་གི་གཞོན་ནུ་དེ་བས་མང་བ་བོད་དུ་ལས་གཏོད་བྱེད་པར་ཡོང་བ་མ་ཟད། བོད་ཀྱི་སློབ་གྲྭ་ཆེ་མོ་བའང་རྒྱལ་ཡོངས་སུ་བསྐྱོད་ནས་དེ་བས་རྒྱ་ཆེ་བའི་གར་སྟེགས་ཐོག་རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་བྱེད་པར་བྲེལ།
ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ཏན་ཏིག་ངང་ལེགས་པར་བསྒྲུབས་ནས། ནུས་ཤུགས་ཡོད་རྒུས་གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་བརྩམས་ཏེ་དེ་བས་བཀྲག་མདངས་འཚེར་བའི་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ས་མཐོར་བཞད་པར་བྱས་ཡོད།
ལོ་ལྔ་ཚན་བཅུ་བཞི་པའི”རིང་། བོད་ལྗོངས་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་ལེན་གཏིང་ཟབ་བསྟར་ཏེ། “དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་དམག་དཔུང་འདུས་སྡོད་དང་མི་དམངས་བདེ་འཁོད་མཉམ་དུ་སྤེལ་རྒྱུ་དང་། མཐའ་བརྟན་དང་མཐའ་དར་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས། རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ། མཐའ་སྲུང་སྲ་བརྟན་དང་། མཐའ་མཚམས་བདེ་འཇགས། མཐའ་མཚམས་ཡུལ་མི་བདེ་སྐྱིད་ལྡན་པ་བཅས་ཀྱི་མཛེས་སྡུག་ལྡན་པའི་རྣམ་པ་གསར་པ་བཏོད་ཡོད།
མངའ་རིས་ས་ཁུལ་སྒར་རྫོང་བདེ་མཆོག་གྲོང་ཚོར“མཐའ་སྲུང་མཐའ་བརྟན་གྱི་གྲོང་ཚོ་དང་པོ”ཞེས་འབོད་སྲོལ་ཡོད་ཅིང་། ལོ་འདི་དག་རིང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་བརྒྱུད། མཐའ་མཚམས་གྲོང་ཚོ་དེ་ཉིད་བོད་ལྗོངས་ཀྱི་མཐའ་དར་དམངས་ཕྱུག་གི་གསོན་ཉམས་ལྡན་པའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད།
མཐོ་ས་ནས་བདེ་མཆོག་གྲོང་ཚོར་བལྟས་ཚེ། མི་རྣམས་ཀྱི་ཡིད་དབང་ཅིག་ཅར་དུ་འཕྲོག་པ་ནི་དེ་སྔའི་རྡོ་རྩིག་ཁང་པའི་ཚབ་ཏུ་བསྐྲུན་པའི་རྒྱ་ཆེ་ཞིང་དཀར་ཆ་དོད་པའི་ཐོག་སོ་གཉིས་ལྡན་གྱི་སྡོད་ཁང་གསར་པ་དེ་དག་རེད། ཡུལ་མིའི་ཁྱིམ་དུ་སྐྱོད་སྐབས། ཆུ་དང་། གློག དྲ་རྒྱ་བཅས་ཤར་གཏོང་ཐུབ་པའི་ཁར། ཁྱིམ་ཆས་དང་ཁྱིམ་སྤྱོད་གློག་ཆས་གང་དགོས་ཅི་འཛོམས་ཡོད་པ་རེད། “སྔོན་མ་འཚོ་བའི་འཁོས་ཀ་ཧ་ཆང་ཞན་པོ་ཡོད། ད་ཆ་སྲིད་ཇུས་ཡག་ཏུ་སོང་བས་ང་ཚོ་ཚང་མ་སྒོ་ར་རང་འགྲིག་གི་ཁང་པར་སྤོ་རྒྱུ་བྱུང་སོང”ཞེས་ཡུལ་མི་དབང་གྲགས་ཀྱིས་མྱོང་ཚོར་ཟབ་མོས་བཤད་པ་དང་། དེ་ནི་མཐའ་མཚམས་མང་ཚོགས་མང་ཆེ་བའི་སེམས་གཏིང་གི་སྐད་ཆ་རེད།
འདི་ལྟ་བུའི་འཕོ་འགྱུར་ནི་དཔེ་གཅིག་གིས་བགྲང་ག་ལ་ཚར། ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་དུ་རྒྱལ་ཁབ་གློག་དྲའི་ཆན་ཧྥུའུ་10ཟིན་པའི་གློག་སྐུད་མཐུད་པ་དང་། མ་དངུལ་སྒོར་དུང་ཕྱུར་5ལྷག་ཙམ་བཏང་བའི་ཆོས་ཡུལ་སྣུམ་ནག་ལམ་བསྐྱར་སྐྲུན་ཟིན་པ་དང་བསྟུན་ནས། ཡུལ་དེ་གའི་མང་ཚོགས་ལ་བདེ་འཇགས་ལྡན་པའི་གློག་བརྟན་པོ་སྤྱོད་རྒྱུ་བྱུང་ཞིང་། ཁ་བ་ཆེན་པོ་བབས་ནས་རི་རྒྱ་བསྡམས་པ་དང་འགྲོ་ལམ་འགགས་པར་སེམས་ཁྲལ་བྱེད་དགོས་མེད།
ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་གིས་ལྗང་མདོག་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་སྤུས་ལེགས་ཀྱི་ཁམ་བུ་སྨི་ཧོའུ་འདེབས་འཛུགས་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བས། ཁམ་བུ་སྨི་ཧོའུ་ཡི་ཐོན་ལས་ཀུན་གྱིས་ཤེས་པར་གྱུར་ཡོད། མིག་སྔར། རྫ་ཡུལ་རྫོང་གི་ཁམ་བུ་སྨི་ཧོའུ་འདེབས་འཛུགས་ར་བའི་རྒྱ་ཁྱོན་མུའུ་3000ལྷག་ཙམ་ཟིན་པ་དང་2024ལོར་ཁམ་བུ་སྨི་ཧོའུ་ཁོ་ནའི་ཐོན་འབབ་རིན་ཐང་སྒོར་ཁྲི་2700ལས་བརྒལ་བར་ས་གནས་དེ་གའི་མང་ཚོགས་2000ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།
ད་ལོའི་ལོ་སྟོད་དུ་བོད་ཀྱི་མཐའ་མཚམས་ཀྱི་འབོར་ཉུང་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་17.9ཟིན་ནས་13.2%འཕར་བར་མཐའ་མཚམས་མང་ཚོགས་ཀྱི་ཚོང་འབྲེལ་ཉོ་ཚོང་སྒོར་ཁྲི་1428ཟིན་ཡོད་པ་རེད།
མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལས་མང་ཚོགས་ཀྱི་སེམས་པ་ལྷོད་ལ་བབས་པ་དང་། ཁྱད་ལྡན་ཐོན་ལས་དར་རྒྱས་བྱུང་བ་ལས་མང་ཚོགས་ལ་འབབ་འཕར་བྱུང་ཡོད། ཟིལ་རླབས་དགུང་འཕྱུར་གྱི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་གི་བྱ་སྤྱོད་ཁྲོད། བོད་ལྗོངས་སུ་མཐའ་མཚམས་ཡུལ་མིའི་འཚོ་བར་འགན་སྲུང་ཡོད་པ་དང་། ཕྱུག་འགྱུར་ལ་ཐབས་ལམ་ཡོད་པ། མཐའ་སྲུང་ལ་སྒུལ་ཤུགས་ཡོད་པ། འཕེལ་རྒྱས་ལ་འདེགས་སྐྱོར་ཡོད་པ་བཅས་ཀྱི་རྣམ་པ་གསར་པ་རིམ་གྱིས་གྲུབ་བཞིན་ཡོད།
ཀྲུང་གོའི་དམར་མདངས་ཀྱི་ཚོན་མདོག་དེ་མཐའ་མཚམས་ཀྱི་འཐབ་ས་དང་པོར་ལྷག་པར་མངོན་ཞིང་། རླངས་འཁོར་ལ་བསྡད་དེ་བོད་ལྗོངས་ཀྱི་ལོ་རྒྱུས་ཐུང་ཤོས་ཡིན་པའི་མཐའ་མཚམས་སྲིད་འཛིན་གྲོང་ཚོ་སྟེ། ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་ལ་རྒྱབ་ཤང་རྒྱལ་ལ་ཕུག་གྲོང་ཚོར་སྐྱོད་སྐབས་རྒྱང་རིང་པོ་ནས་མཆོད་ཀོང་ལའི་བྲག་རྡོ་ཆེན་པོའི་ཐོག་བརྐོས་པའི“ཀྲུང་གོ”ཞེས་པའི་ཡིག་འབྲུ་གཉིས་དང་། ཡུལ་མིའི་སྡོད་ཁང་གི་ཐོག་ཁར་ལྷབ་ལྷུབ་ཏུ་གཡོ་བའི་སྐར་ལྔའི་དར་དམར། དེ་བཞིན“བླ་ན་མེད་པའི་རྒྱབ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བྱེད་དགོས”ཞེས་པའི་སྦྱར་ཡིག་ཆེན་པོ་བཅས་ཁྲ་ལམ་མེར་མཐོང་ཐུབ་ཅིང་། དེ་ཚོ་ཚང་མ་མུ་ལ་མུ་ཁྱུད་ཀྱི་རི་བོའི་ཁྲོད་བཀྲག་མདངས་རབ་ཏུ་འཚེར་བཞིན་མཆིས།
འབྲེལ་ཡོད་གསར་འགྱུར།