དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལོ་ཟླའི་འཕོ་འགྱུར་རླབས་པོ་ཆེར། རི་ཀླུང་ཆུ་བོས་བདེན་དཔང་བྱེད།

    ​བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་75འཁོར་བའི་མཚམས་སུ་བྲིས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-05-23

    འདི་ནི་ལོ་རྒྱུས་རང་བཞིན་གྱི་དུས་སྐབས་ཤིག་རེད།

    ལོ་ངོ་75ཡི་གོང《བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་གི་གྲོས་མཐུན》 ལ་མིང་རྟགས་བཀོད་ནས་བོད་ཞི་བས་བཅིངས་འགྲོལ་བཏང་བ་ཁྱབ་བསྒྲགས་བྱས་པ་རེད། དུས་དེ་ནས་བཟུང་། བོད་ཀྱི་མི་དམངས་ནམ་ཡང་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་དང་འཆིང་རྒྱ་ལས་ཐར་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་མེས་རྒྱལ་ཁྱིམ་ཚང་ཆེ་མོར་མཐུན་སྒྲིལ་དང་། ཡར་ཐོན། འཕེལ་རྒྱས་བཅས་ཀྱི་འོད་སྟོང་འཕྲོ་བའི་ལམ་ཆེན་དུ་བསྐྱོད་ཡོད།

    ལོ་ངོ་75ནི་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་བཞུར་རྒྱུན་རིང་མོའི་ཁྲོད་དུས་ཐུང་ཞིག་ཡིན་མོད། ཡིན་ནའང་འཛམ་གླིང་ཡང་རྩེར་མུན་ནག་ནས་འོད་ཟེར་དང་། རྗེས་ལུས་ནས་ཡར་ཐོན། སྒོ་རྒྱག་ནས་སྒོ་དབྱེ། དབུལ་ཕོངས་ནས་འབྱོར་ཕྱུག་བཅས་བར་གྱི་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་ཡོད།

    ལོ་ངོ་75ཡི་རིང་། ཀྲུང་གོ་གུང་ཁྲན་ཏང་མེད་ན་བོད་གསར་པ་མེད་པ་དང་། མེས་རྒྱལ་ཁྱིམ་ཚང་ཆེ་མོའི་ལྟ་སྐྱོང་མེད་ན་གངས་ལྗོངས་ས་མཐོའི་ད་ལྟ་དང་འབྱུང་འགྱུར་མེད་པ་རྩོད་ཐབས་བྲལ་བའི་ར་འཕྲོད་བྱུང་ཡོད།

    ལོ་རྒྱུས་ཀྱི་གདམ་ག མི་ཡུལ་གྱི་དམྱལ་བ་ནས་ཡར་ལངས་བདག་པོར་གྱུར་པའི་བར།

    1951ལོའི་གོང་གི་བོད་ནི་ཞིང་བྲན་བདག་པོས་ལྕགས་ཐག་གིས་བཅིངས་པའི་ས་ཆ་ཞིག་ཡིན་པ་དེར“མི་ཡུལ་གྱི་དམྱལ་བ”ཞེས་བརྗོད་ན་ཐལ་ཆ་ཆེ་མེད།

    མི་འབོར་གྱི་5%ཡང་བཟུང་མེད་པའི་དཔོན་རིགས་དང་། སྐུ་དྲག མཐོ་རིམ་གྲྭ་བཙུན་བཅས་ཀྱིས་རྨོ་ཞིང་དང་འབྲོག་ར་ཡོད་ཚད་དང་ཕྱུགས་ཟོག་མང་ཆེ་བ་བཟུང་བས།

    མི་འབོར་གྱི་95%ཡན་བཟུང་བའི་ཞིང་བྲན་དང་བྲན་གཡོག་ལ་ཐོན་སྐྱེད་རྒྱུ་ཆ་གང་ཡང་མེད་པ་མ་ཟད། ཐ་ན་རང་གི་ཚེ་སྲོག་ཀྱང་ཞིང་བྲན་བདག་པོར་དབང་ཡོད།

    བསྡོམས་རྩིས་བརྒྱབ་པར་གཞིགས་ན། སྐབས་དེ་དུས་བོད་དུ་མིག་འདོན་པ་དང་། ལྕེ་འབྲེག་པ། ལག་པ་གཅོད་པ། རྟིང་རྩ་གཅོད་པ་བཅས་ཀྱི་གདུག་རྩུབ་ཆེ་བའི་ཁྲིམས་ཆད་སྣ་ཁ་200ལྷག་ཙམ་ཡོད་པ་དེ་དག་འོག་ཞིང་བྲན་གྲངས་ལས་འདས་པའི་ཚེ་སྲོག་ཤོར་ཡོད།

    སྐབས་དེ་དུས་གངས་ལྗོངས་ས་མཐོར་འགྲིམ་འགྲུལ་ཤར་གཏོང་ཐུབ་མེད་པ་དང་། ལས་རིགས་སྣ་ཚོགས་ཉམས་ཞན་ཡིན་པ། སློབ་གསོ་དང་སྨན་བཅོས་ཧ་ལམ་མེད་པ། ཐོན་སྐྱེད་ནུས་ཤུགས་གདོད་མའི་རྨོ་འདེབས་དང་སྐྱས་སྤོས་ཀྱི་དུས་མཚམས་སུ་གནས་པ་བཅས་ལས་སྤྱི་ཚོགས་ཡུན་རིང་འཕེལ་རྒྱས་འགྲོ་མཚམས་ཆད་པ་རེད། གནས་ཚུལ་དེ་འདྲའི་འོག་བློ་མཐུན་མའོ་ཙེ་ཏུང་གིས“བོད་དུ་སྔ་ཙམ་དཔུང་སྐྱོད་བྱེད་པ་ལས་ཕྱི་དྲགས་རྒྱུ་མེད། ཇི་ཙམ་གྱིས་སྔ་བ་བྱུང་ན་དེ་ཙམ་གྱིས་ཕན་པ་ཆེ་བ་ཡོད”ཅེས་གསུངས་ཡོད།

    1951ལོའི་ཟླ་5ཚེས་23ཉིན《ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ཀྱི་ས་གནས་སྲིད་གཞུང་གཉིས་བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན》(མིང་གཞན་ལ《གྲོས་མཐུན་དོན་ཚན་བཅུ་བདུན》ཡང་ཟེར)དངོས་སུ་བཞག་པ་རེད།

    གྲོས་མཐུན་དེས་བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་ཏང་གིས་བོད་དུ་སྲིད་ཇུས་གང་འདྲ་ཞིག་ལག་ལེན་བསྟར་རྒྱུར་གཞི་རྩའི་སྒྲོམ་གཞི་གཏན་འཁེལ་བྱས་པ་དང་། བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་གྱི་ཤུལ་ལུས་གནད་དོན་ཐག་གཅོད་དང་སྤྱི་ཚོགས་འཕོ་འགྱུར་ལ་ཁ་ཕྱོགས་གསལ་སྟོན་བྱས་པ་དང་། བོད་ཀྱི་མཐོ་རིམ་ཚོགས་པ་དང་ཆོས་ལུགས་ལ་ལྟ་སྟངས་ཇི་ལྟར་འཛིན་པ་དང་བོད་ཀྱི་རྗེས་ལུས་རྣམ་པ་དང་དབུལ་ཕོངས་ཀྱི་དམངས་འཚོའི་གནད་དོན་ལ་འགྱུར་ལྡོག་ཇི་ལྟར་གཏོང་བའི་ཐད་སྲིད་ཇུས་ཀྱི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།

    ལྷག་པར་དུ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་ལེན་བསྟར་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་པར་སྔོན་འགྲོའི་ཆ་རྐྱེན་བཏོད་ཡོད། ཞི་བས་བཅིངས་འགྲོལ་གཏོང་བ་ནི་གནས་སྐབས་ཀྱི་བྱེད་ཐབས་ཤིག་མིན་པར་དེ་ནི་རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་དང་། ཞིང་བྲན་ཁྲི་ཚོ་བརྒྱ་སྐྱོབ་པ། ལོ་རྒྱུས་ཀྱི་རླབས་རྒྱུན་དང་བསྟུན་པ་བཅས་ཀྱི་ལྡོག་མེད་ཀྱི་གདམ་ག་ཞིག་ཡིན་པ་ལོ་རྒྱུས་ལས་ར་འཕྲོད་བྱུང་ཡོད། བོད་ཞི་བས་བཅིངས་འགྲོལ་གཏོང་བའི་གྲོས་མཐུན་ནི“བོད་ཀྱི་གནད་དོན”ཐག་གཅོད་བྱེད་པའི་ཁྲོད་མའོ་ཙེ་ཏུང་གི་དགོངས་པ་གསོན་ཉམས་དོད་པོས་ལག་ལེན་བསྟར་བ་དང་བེད་སྤྱོད་ཞིབ་ཕྲ་བྱས་པ་ཞིག་ཡིན་པ་དེས་བོད་ལ་འོད་སྟོང་འཕྲོ་བའི་མདུན་ལམ་བཏོད་ཡོད།

    ཞི་བས་བཅིངས་འགྲོལ་བཏང་རྗེས་རང་ལྗོངས་ཀྱིས་དམངས་གཙོའི་བཅོས་སྒྱུར་ལ་སྐུལ་འདེད་བརྟན་པོ་བཏང་བ་དང་། ཞིང་བྲན་ལམ་ལུགས་མེད་པར་བཟོས་པ། མི་དམངས་ཀྱི་སྲིད་དབང་བཙུགས་པ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་བྱས་པ་བཅས་ལས་མི་རིགས་ཁག་གི་མང་ཚོགས་ལོ་རྒྱུས་ཀྱི་གར་སྟེགས་སུ་ཐེངས་དང་པོར་འཛེགས་ཐུབ་པ་བྱུང་ནས་ས་མཐོའི་བདག་པོར་གྱུར་ཡོད།

    ཁེ་གསུམ་ནི་སྔོན་ཆད་བོད་རྙིང་པའི་ཞིང་བྲན་བདག་པོའི་གཞིས་ཀ་ཡིན་པ་དང་། ཁེ་གསུམ་བ་ནི་སྔོན་ཆད་མུན་ནག་ཁྲོད་འཚོ་བ་སྐྱེལ་མཁན་གྱི་ཞིང་བྲན་ཡིན།

    ད་ཆ་ཁེ་གསུམ་བའི་ཡོང་འབབ་མང་དུ་ཕྱིན་ནས་དངུལ་ཁུག་ལྗིད་ཏིག་ཏིག་ཆགས་ཡོད། ཁེ་གསུམ་སྡེ་ཁུལ་གྲོང་ལྷན་གྱི་ཀྲུའུ་རེན་བདེ་སྐྱིད་པད་སྒྲོན་གྱིས“2025ལོར་སྡེ་ཁུལ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་3.7ལས་བརྒལ་ཡོད”ཅེས་བཤད།

    འགྱུར་ལྡོག་རླབས་པོ་ཆེ། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལས་འོད་སྟོང་འཕྲོ་བའི་མདུན་ལམ་བྱུང་བ།

    2026ལོའི་དུས་ཚིགས་དང་པོར་བོད་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་འཕར་ཚད་མུ་མཐུད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་། སྟོན་གྲངས་8ཀྱི་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཤིང་། འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཞན་པའི་རྒྱབ་ལྗོངས་འོག་གངས་ལྗོངས་ས་མཐོས་བཀྲག་མདངས་འཚེར་བའི་རྒྱུགས་ལན་ཞིག་ཕུལ་ཡོད།

    ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ཐོན་པ་གྲོང་རྡལ་ནི་དེ་སྔ་བོད་ཡིག་གསར་གཏོད་མཁན་ཐོན་མི་སམ་བྷོ་ཊའི་ཕ་ཡུལ་ཡིན་ལ་སྲོལ་རྒྱུན་སྤོས་ཀྱི་འབྱུང་ཁུངས་ཀྱང་ཡིན། 2005ལོར་ཡུལ་མི་བསྟན་འཛིན་ཆོས་གྲགས་ཀྱིས་ལས་གཏོད་བྱེད་འགོ་བརྩམས་ཏེ་ལྷ་སར་སྙེ་མོའི་སྤོས་བཟོ་ཁང་བཙུགས།

    ལོ་20ཡི་རིང་། བསྟན་འཛིན་ཆོས་གྲགས་ཀྱི་སྤོས་བཟོ་ཁང་དེ་ཐོག་མའི་ས་ཕག་ཁང་པ་ཞིག་ནས་རྒྱ་ཁྱོན་ལ་སྨི་ངོས་གྲུ་600ཟིན་པའི་ཚད་ལྡན་བཟོ་ཁང་ཞིག་ཏུ་འཕེལ་རྒྱས་ཕྱིན་པ་དང་། ཐོན་རྫས་པེ་ཅིང་དང་ཧྲང་ཧའེ་རུ་འཚོང་བ་མ་ཟད། ད་དུང་དྲ་ཚོང་ལས་སྟེགས་བརྒྱུད་ནེ་པ་ལར་ཡང་འཚོང་གི་ཡོད།

    2025ལོར་བསྟན་འཛིན་ཆོས་གྲགས་ཀྱི་ཀུང་སིའི་ཐོན་རྫས་རིན་ཐང་སྒོར་ཁྲི་400ལྷག་ཙམ་ཟིན་པ་མ་ཟད། ད་དུང་དཀའ་ངལ་ཡོད་པའི་མང་ཚོགས་དང་སློབ་གྲྭ་ཆེ་མོ་བ་28ལ་ལས་ཞུགས་ལས་གནས་ཀྱང་མཁོ་འདོན་བྱས་ཡོད།

    1954ལོར་ཁྲོན་བོད་དང་མཚོ་བོད་གཞུང་ལམ་དུས་གཅིག་ཏུ་ལྷ་སར་ཤར་གཏོང་ཐུབ་ནས་བོད་ལ་དེང་རབས་ཀྱི་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་ཏེ་འཛམ་གླིང་གི་གཞུང་ལམ་ལོ་རྒྱུས་ཐོག་ངོ་མཚར་བཏོད་ཡོད། ད་ཆ“བསྐྱར་དར་རྟགས་ཅན”གྱི་ཤུགས་འགྲེམས་མེ་འཁོར་གངས་ལྗོངས་ས་མཐོར་སྐྱོད་པ་དང་། གྲོང་གསེབ་ཀྱི་ཕྱོགས་མཚམས་གང་སར་གཞུང་ལམ་བསྐྲུན་པ་ལ་སོགས་བོད་དུ་གཞུང་ལམ་དང་། ལྕགས་ལམ། མཁའ་ལམ་སོགས་སྐྱེལ་འདྲེན་བྱེད་སྟངས་སྣ་ཚོགས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་རྒྱའི་མ་ལག་གྲུབ་ཡོད།

    བོད་རྙིང་པར་དེང་རབས་ཀྱི་དོན་སྙིང་ལྡན་པའི་སློབ་གྲྭ་གཅིག་ཀྱང་མེད་པས་ཡིག་རྨོངས་བ་95%ཟིན་ལ་དེང་རབས་ཚན་རྩལ་ཞེས་པ་དེ་བས་སྤྲོས་དང་བྲལ་བ་ཞིག་རེད།

    ད་ཆ་བོད་དུ་སློབ་ཞུགས་གོང་གི་སློབ་གསོ་དང་། རྨང་གཞིའི་སློབ་གསོ། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ། རྒྱུན་མཐུད་སློབ་གསོ། དམིགས་བསལ་སློབ་གསོ་བཅས་ཚུད་པའི་དེང་རབས་སློབ་གསོའི་མ་ལག་བཙུགས་ནས་ལོ་15ཡི་གཞུང་གྲོན་སློབ་གསོ་ལག་ལེན་བསྟར་བཞིན་ཡོད།

    ཞི་བས་བཅིངས་འགྲོལ་མ་བཏང་གོང་བོད་དུ་སྒྲིག་ཆས་ཐབས་ཆག་དང་གཞི་ཁྱོན་ཧ་ཅང་ཆུང་བའི་གཞུང་བཙུགས་སྨན་རྩིས་སྒྲིག་གཞི་3དང་སྒེར་གྱི་སྨན་ཁང་ཉུང་ཤས་ལས་མེད།

    ད་ཆ་བོད་དུ་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་རིམ་ལྔའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་བསྐྲུན་ཟིན་པ་དང་། ལྗོངས་ཡོངས་སུ་འཕྲོད་བསྟེན་སྒྲིག་གཞི(གྲོང་ཚོའི་འཕྲོད་བསྟེན་ཁང་ཚུད་པ)ཁྱོན་7436ཡོད།

    བོད་རྙིང་པར་དེང་རབས་ཀྱི་བཟོ་ལས་མེད་ལ། ཐ་ན་གཅུས་གཟེར་གཅིག་དགོས་ཀྱང་རྟ་དྲེལ་གྱིས་ཐག་རིང་ནས་དབོར་དགོས་ཀྱི་ཡོད།

    ད་ཆ་བོད་དུ་ཁྱད་ལྡན་ཞིང་འབྲོག་ལས་དང་། ནུས་རྒྱུ་གཙང་མ། ཐོན་ཁུངས་ལས་སྣོན། དེང་རབས་ཞབས་ཞུ། རིག་གནས་ཡུལ་སྐོར་མཉམ་འདྲེས་སོགས་མཚོན་བྱེད་དུ་བྱས་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་ཅིག་ཆགས་ཡོད། 2025ལོར་ལྗོངས་ཡོངས་ཀྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར་503.15ཟིན་པ་དེ་ལོ་གོང་མ་ལས་8.5%འཕར་བ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་12.4%འཕར་ཡོད།

    འགྱུར་ལྡོག་ཆེ་བའི་གྲངས་གཞི་དག་ལས་མངོན་པ་ནི་ཏང་ཀྲུང་དབྱང་གི“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བར་བྱེད་དགོས་པའི”འཐབ་ཇུས་དགོངས་པ་གསོན་ཉམས་དོད་པས་ལག་ལེན་བསྟར་བ་ཞིག་དང་། གངས་ལྗོངས་ས་མཐོར་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དོན་འཁྱོལ་བྱས་པའི་རྐང་རྗེས་བརྟན་པོ་ཞིག་རེད་ལ། “གུང་ཁྲན་ཏང་མེད་ན་བོད་ལྗོངས་གསར་པ་མེད”ཅེས་པའི་བདེན་དོན་དེ་ས་མཐོའི་ས་གཞི་ཆེན་པོར་ཇི་མ་ཇི་བཞིན་ར་འཕྲོད་བྱུང་བ་ཞིག་དེ་བས་རེད།

    ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་ལས་དབང་གཅིག་ཏུ་འབྲེལ། ལོ་ངོ་སྟོང་གི་མཆོང་སྐྱོད་ནས་ཞུམ་མེད་སྙིང་སྟོབས་ནམ་ཡང་གནས་པའི་བར།

    1950ལོར་པཎ་ཆེན་སྐུ་ཕྲེང་བཅུ་པས་ཀྲུང་དབྱང་མི་དམངས་སྲིད་གཞུང་ལ“བོད་ནི་ཀྲུང་གོའི་མངའ་ཁོངས་ས་ཆ་ཡིན་པ་འཛམ་གླིང་ཀུན་གྱིས་ཁས་ལེན་པ་དང་། བོད་ཀྱི་མི་དམངས་ཡོངས་ཀྱིས་ཀྱང་ཀྲུང་ཧྭ་མི་རིགས་ཀྱི་ཆ་ཤས་ཤིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད”ཅེས་གློག་འཕྲིན་གཏོང་གནང་མྱོང་ཡོད། ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་75སོང་རིང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་ནང་སྤུན་ཉེ་འཆམ་མཐུན་དང་ཕན་ཚུན་ལྟ་སྐྱོང་བྱས་ཏེ། སྒོ་རྒྱག་རྗེས་ལུས་ནས་སྒོ་དབྱེ་ཡར་ཐོན་བར་དང་དབུལ་ཕོངས་ཉམས་རྒུད་ནས་དར་རྒྱས་གོང་འཕེལ་བར་གྱི་ངོ་མཚར་བཏོད་ཡོད། ཡངས་པའི་ས་མཐོ་འདིར་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བ་མ་ཟད། རི་སྔོན་ཆུ་དྭངས་ཀྱི་རང་བྱུང་གི་རྨང་གཞི་དེ་བས་བརྟན་སྲུང་ཐུབ་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། བོད་རྙིང་པར་མི་འབོར་གྱི་95%ཡན་བཟུང་བའི་ཞིང་བྲན་དང་བྲན་གཡོག་ལ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་མེད། ད་ཆ་བོད་ཀྱི་བུ་ཕྲུག་ཁྲི་370ལྷག་ཙམ་རྒྱལ་ཁབ་དང་། སྤྱི་ཚོགས། རང་ཉིད་ཀྱི་ལས་དབང་བཅས་ཀྱི་བདག་པོར་དངོས་འབྲེལ་གྱུར་ཡོད།

    ལོ་ངོ་75ཡི་རིང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ཁྲོད་སྤུན་ཉེ་འཆམ་མཐུན་དང་ཕན་ཚུན་ལྟ་སྐྱོང་བྱས་ནས་མཐུན་སྒྲིལ་ཡར་ཐོན་གྱི་གཡུར་ཟའི་གྲུབ་འབྲས་མཉམ་དུ་བཏོད་ཡོད་དེ།

    ལྷ་ས་གྲོང་ཁྱེར་ཝ་པ་གླིང་སྡེ་ཁུལ་དུ་བོད་རིགས་དང་། རྒྱ་རིགས། ཧུད་རིགས། ཡུ་གུར་རིགས་སོགས་མི་རིགས་11དེ་གར་གཞིས་ཆགས་པ་དང་སྡེ་ཁུལ་གྱིས“སེ་འབྲུའི་སེམས་མཐུན་སྒོ་རའི་ཚོགས་འདུ”ཞེས་པའི་བྱེད་སྒོ་སྤེལ་ནས་ཚང་མ་མཉམ་དུ་འཛོམས་ཏེ། གློག་སྡོང་བེད་སྤྱོད་དང་ཆུ་གློག་ཞིབ་བཤེར་བཟོ་བཅོས་སོགས་ཁྱིམ་གྱི་བྱ་བ་ཆེ་ཆུང་ཚང་མ་གྲོས་བསྡུར་བྱེད་ཀྱི་ཡོད།

    གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་གྲོང་ཤར་ཁྲོམ་གཞུང་ལྕང་ལོ་ཁང་གསར་སྡེ་ཁུལ་དུ་ཧུད་རིགས་ཀྱི་ཕོ་གཞོན་མཱ་ཀ་ཏུང་གིས་བོད་རིགས་ཀྱི་བུ་མོ་བཀྲ་ཤིས་ལྷ་འཛོམས་མནའ་མར་བསུས་པ་དང་། ཚོང་ལམ་འགྲོ་མི་རྒྱུག་པའི་སྐབས་སྡེ་ཁུལ་གྱི་མི་རིགས་ཁག་གི་སྤུན་ཟླ་ཚོས་རང་ནུས་ལྕོགས་ཚོད་ཀྱིས་ཕན་ཚུན་རོགས་རམ་བྱེད་ཀྱི་ཡོད།

    ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་གི་མི་རིགས་གཉེན་སྒྲིག་ཁྱིམ་ཚང་53ནི་སྐལ་བཟང་མེ་ཏོག་53དང་འདྲ་བར་ཤང་ཡོངས་ཀྱི་དུད་ཚང་1113གྱི་ཁྲོད་དུ་བཞད་ཅིང་། ཁོང་ཚོས་ཇ་དང་། ཚྭ། མར་བཅས་ལ་བརྟེན་ནས“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། བློ་སེམས་གཅིག་མཐུན་ཀྲུང་གོའི་ཕུགས་འདུན་གཏོད”ཅེས་པའི་གསོན་ཉམས་དོད་པའི་གཏམ་རྒྱུད་རྩོམ་བཞིན་ཡོད།

    “སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་བ”ཞེས་པ་དེ་དཔེ་ཙམ་མིན་པར་ས་མཐོའི་ཉིན་རེའི་འཚོ་བ་དངོས་ལས་མངོན་གྱི་ཡོད།

    ས་གཞི་འདིར་མི་རིགས་མཐུན་སྒྲིལ་གྱི་མཛའ་གྲོགས་ཟབ་མོ་འདུས་ཡོད་ལ། འཛམ་གླིང་གི་དག་ཞིང་མཐའ་མ་ཡང་སྲུང་སྐྱོང་བྱེད་བཞིན་ཡོད།

    བོད་ཀྱི་ནགས་ཚལ་ཁྱབ་ཚད་ཞི་བས་བཅིངས་འགྲོལ་མ་བཏང་གོང་གི་1%ཡང་མ་ཟིན་པ་ནས་ད་ཆའི་12.54%བར་མཐོ་རུ་ཕྱིན་ཡོད། “བྱེ་རླུང་ཤུགས་ཆེན་ལྡང་བ་དང་རི་སྟེང་དུ་རྩྭ་མི་སྐྱེ་བའི”རྣམ་པ་དེ“སྒེའུ་ཁུང་ཕྱེ་མ་ཐག་སྔོ་ལྗང་ལྗོན་ཤིང་མཐོང་བར”གྱུར་པ་དང་། ཟིལ་རླབས་དགུང་འཕྱུར་གྱི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭས་ལྷ་སའི་ལྷོ་ངོས་དང་བྱང་ངོས་ཀྱི་ཐང་རྒོད་སྔོ་ལྗང་གོས་ཀྱིས་བཀླུབས་ནས“རི་རྒོད་སྔོ་ལྗང་རི་བོར་འགྱུར་བ་དང་བྱེ་ས་ནགས་སར་འགྱུར་བའི”སྐྱེ་ཁམས་ཀྱི་ངོ་མཚར་བཏོད་ཡོད།

    ད་ཆའི་གངས་ལྗོངས་ས་མཐོར་གཙོད་ཀྱི་ཁྱུ་ཚོགས་དུས་རབས་20པར་ཁྲི་7ཡང་མ་ཟིན་པ་ནས་ཁྲི་30ཡན་བར་འཕེལ་བ་དང་། ཁྲུང་ཁྲུང་སྐེ་ནག་གི་གྲངས་འབོར་3000ཡང་མ་ཟིན་པ་ནས་ཁྲི་1ལྷག་ཙམ་བར་མང་དུ་ཕྱིན་པ། སྐབས་ཤིག་རིང་མཐོང་དཀོན་པའི་ཤྭ་བ་སེར་ཆེན་དང་ཤྭ་བ་མཆུ་དཀར་སོགས་འབྲོག་པའི་ཁང་པའི་རྒྱབ་མདུན་དུ་ཡང་ཡང་ཐོན་བཞིན་ཡོད།

    དུས་ཀྱི་འཕོ་འགྱུར་ཇི་ལྟར་སོང་ཡང་མི་རབས་ནས་མི་རབས་བར་གྱི་འབད་འཐབ་པས་ཁྲག་དྲོན་དང་རྔུལ་ཆུར་བརྟེན་ནས་གངས་ལྗོངས་ས་མཐོར་དཔལ་ཡོན་རབ་ཏུ་རྒྱས་པར་བྱས་པ་ང་ཚོས་ནམ་ཡང་མི་བརྗེད་བློ་ལ་བརྟན་པོར་ངེས་སྲིད།

    “མི་ཡུལ་གྱི་དམྱལ་བ”ནས“མི་ཡུལ་གྱི་ལྷ་ཡུལ”བར་དང་། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ནས་མི་དམངས་རང་ཁྱིམ་རང་བདག་བར། སྒོ་རྒྱག་རྗེས་ལུས་ནས་སྒོ་དབྱེ་གདེང་ཚོད་བར་ཞི་བས་བཅིངས་འགྲོལ་བཏང་ཚུན་གྱི་ལོ་ངོ་75ཡི་རིང་། བོད་ཀྱི་ལས་དབང་ཐོག་མཐའ་བར་གསུམ་དུ་མེས་རྒྱལ་དང་དམ་པོར་འབྲེལ་ཡོད་པ་རྩོད་མེད་ར་འཕྲོད་བྱུང་ཡོད།

    འགོ་འཛུགས་ས་གསར་པར་ས་མཐོའི་བུ་ཕྲུག་ཁྲི་370ལྷག་ཙམ་གྱིས་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ་དང་རྩྭ་རྩི་ཤིང་ཚུན་ཆད་དང་རི་ཆུ་ཀླུང་གསུམ་ཡག་པོ་བསྲུངས་ཏེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྒྱང་ལམ་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་གྱི་ལེའུ་གསར་རྐྱང་ནུས་ཤུགས་ཡོད་རྒུས་རྩོམ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།