ཟླ་བ་དང་པོ་ནས་བཞི་པའི་བར་མྱུར་སྐྱེལ་ལས་འབོར་བསྐུར་མ་དུང་ཕྱུར་645ལྷག་ཙམ་ཟིན་པ།
དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་གྱི་བསྡུར་གྲངས་བཟུང་ཚད་མཐོ་རུ་ཕྱིན་པ།
གསར་འགོད་པར་རྒྱལ་ཁབ་སྦྲག་སྲིད་ཅུས་ནས་ཤེས་རྟོགས་བྱུང་བར། ད་ལོའི་ཟླ་བ་དང་པོ་ནས་བཞི་པའི་བར་རང་རྒྱལ་གྱི་མྱུར་སྐྱེལ་ལས་འབོར་རིམ་རྩིས་བརྒྱབ་ན་བསྐུར་མ་དུང་ཕྱུར་645.7ལྷག་ཙམ་ཟིན་ནས་དུས་མཚུངས་ལས་5.1 %འཕར་བ་དང་། དེའི་ནང་ཟླ་བ་བཞི་པ་ཁོ་ནར་མྱུར་སྐྱེལ་ལས་འབོར་བསྐུར་མ་དུང་ཕྱུར་168.4ཟིན་ནས་དུས་མཚུངས་ལས་3.2%འཕར་ཡོད།
ལས་སྒོའི་ཡོང་འབབ་བརྟན་པོའི་ངང་འཕར་ཞིང་། ཟླ་བ་དང་པོ་ནས་བཞི་པའི་བར་མྱུར་སྐྱེལ་ལས་སྒོའི་ཡོང་འབབ་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་4979.3ཟིན་ནས་དུས་མཚུངས་ལས་6.6%འཕར་བ་དང་། དེའི་ནང་ཟླ་བ་བཞི་པར་མྱུར་སྐྱེལ་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་1289.1ཟིན་ནས་དུས་མཚུངས་ལས་6.3%འཕར་ཡོད།
ཞབས་ཞུའི་སྤུས་ཚད་རྒྱུན་མཐུད་མཐོ་རུ་ཕྱིན་ཞིང་། ད་ལོ་ཚུན་དུ་ལས་རིགས་སུ་སྒྲིག་ཆས་གསར་པ་དང་ལག་རྩལ་གསར་པ་སྤྱོད་མགྱོགས་སུ་བཏང་སྟེ། རྣམ་པ་གསར་པ་དང་དཔེ་དབྱིབས་གསར་པ་བཏོད་ནས་ཞབས་ཞུའི་སྤུས་ཚད་རྒྱུན་མཐུད་མཐོ་རུ་འགྲོ་བར་སྐུལ་འདེད་བཏང་བ་དང་། “གྲང་འདྲེན་ཆེད་སྤྱོད་ལམ་ཐིག་དང་། མྱུར་བགྲོད་ལྕགས་ལམ། མཁའ་འགྲུལ”བཅས་ཟུང་དུ་འབྲེལ་བའི་མཉམ་འབྲེལ་སྐྱེལ་འདྲེན་མ་ལག་བཙུགས་ཏེ། ཞིང་ལས་ཁྱད་ལྡན་ཐོན་རྫས་དགོང་མོ་བསྐུར་ཚེ་ཞོགས་པ་འབྱོར་ཐུབ་པ་དང་བརྒྱུད་རིམ་ཧྲིལ་པོར་སོས་ཉར་འགན་སྲུང་བྱེད་པ་དང་། མི་མེད་རླངས་འཁོར་གྱིས་མཚན་མོ་སྐྱེལ་བ་འཚོལ་ཞིབ་བྱེད་པ། གནམ་ཐང་དང་རླངས་འཁོར་འབབ་ཚུགས་སོགས་དང་མཉམ་དུ་བསྐུར་མ་མངགས་བཅོལ་དང་བསྐུར་སྐྱེལ་ཞབས་ཞུ་ལེགས་སུ་བཏང་ཡོད། ཟླ་བ་བཞི་པར་མྱུར་སྐྱེལ་ཞབས་ཞུར་སྤྱི་དམངས་བློ་ཡིད་ཚིམ་ཚད་སྔོན་དཔག་བྱས་ན་སྐར་མ་84.7ཟིན་རྒྱུ་དང་གཙོ་གནད་ས་ཁུལ་དུ་ཆུ་ཚོད་72ནང་མྱུར་སྐྱེལ་བདེ་བླག་ངང་འབྱོར་ཚད་སྔོན་དཔག་བྱས་ན་86.3%ཟིན་རྒྱུ་རེད།
ས་ཁོངས་འཕེལ་རྒྱས་སྔར་བས་དོ་སྙོམས་བྱུང་ཞིང་། ཟླ་བ་དང་པོ་ནས་བཞི་པའི་བར་ཤར་རྒྱུད་དང་། དབུས་རྒྱུད། ནུབ་རྒྱུད་བཅས་ས་ཁུལ་གྱི་མྱུར་སྐྱེལ་ལས་སྒོའི་ཡོང་འབབ་ཀྱི་བསྡུར་ཚད་73%དང་། 16% 11%བཅས་སོ་སོར་ཟིན་པ་དང་མྱུར་སྐྱེལ་ལས་འབོར་གྱི་བསྡུར་ཚད་68.0%དང་། 21.2% 10.8%བཅས་སོ་སོར་ཟིན་ཡོད། ན་ནིང་གི་དུས་མཚུངས་དང་བསྡུར་ན། དབུས་རྒྱུད་ས་ཁུལ་གྱི་མྱུར་སྐྱེལ་ལས་སྒོའི་ཡོང་འབབ་ཀྱི་བསྡུར་ཚད་བརྒྱ་ཆའི་གྲངས་0.5འཕར་བ་དང་མྱུར་སྐྱེལ་ལས་འབོར་གྱི་བསྡུར་ཚད་བརྒྱ་ཆའི་གྲངས་1.8འཕར་བ། ནུབ་རྒྱུད་ས་ཁུལ་གྱི་མྱུར་སྐྱེལ་ལས་སྒོའི་ཡོང་འབབ་ཀྱི་བསྡུར་ཚད་བརྒྱ་ཆའི་གྲངས་0.5འཕར་བ་དང་མྱུར་སྐྱེལ་ལས་འབོར་གྱི་བསྡུར་ཚད་བརྒྱ་ཆའི་གྲངས་1.6འཕར་ཡོད།
འབྲེལ་ཡོད་གསར་འགྱུར།