དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལོ་ལྔའི་རིང་བོད་ལྗོངས་ཀྱིས་གྲོང་སྡོད་ལས་བྱེད་པ་ཁྲི་12ལྷག་ཙམ་འདེམས་གཏོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-05-23

    བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་19ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན་གྱི་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་ལས་དོན་ལ་ཐོབ་པའི་གྲུབ་འབྲས་དང་དེ་བཞིན་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་དཔྱད་འདེམས་དང་གཟེངས་བསྟོད་གནས་ཚུལ་ཕྱོགས་ཡོངས་ནས་ངོ་སྤྲོད་བྱས་པ་དང་། ཡོངས་བསྒྲགས་ཚོགས་འདུའི་ཐོག་གྲངས་གཞི་ཁག་5ཡི་ཐོག་ནས་ལོ་5ཡི་རིང་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་ལས་དོན་ལ་ཐོབ་པའི་གྲུབ་འབྲས་གསོན་ཉམས་དོད་པོས་མཚོན་པར་བྱས་པ་རེད།

    གྲོང་ཚོར་བཅའ་སྡོད་ཀྱི་སྟོབས་ཤུགས་ཁྱོན་ཡོངས་ལ་ཁྱབ་པ། ལོ་5ཡི་རིང་བོད་ལྗོངས་ཀྱིས་གྲོང་ཚོར་གཞིགས་ནས་མི་སྣ་མངགས་གཏོང་དང་དགོས་མཁོར་གཞིགས་ནས་སྲིད་ཇུས་ལག་བསྟར་མཐའ་འཁྱོངས་ཀྱིས“ལྔ་འདེམས་ལྔ་སྐྱོད”ཀྱི་མངགས་སྡོད་སྲིད་ཇུས་ལག་བསྟར་བྱས་ནས་རྫོང་དང་ཁྲུའུ་རིམ་པའི་ན་གཞོན་ལས་བྱེད་པ་ཕུལ་བྱུང་370བདམས་ཏེ་གྲོང་སྡོད་ལས་དོན་གྱི་སྤྱི་ཁྱབ་རུ་དཔོན་གྱི་འགན་འཁུར་དུ་བཅུག་པ་དེ་བོད་ལྗོངས་ཡོངས་ཀྱི་རྫོང(གྲོང་ཁྱེར་དང་ཆུས)ཚང་མར་ཁྱབ་པ་དང་། རིམ་རྩིས་བརྒྱབ་ན་གྲོང་སྡོད་ལས་བྱེད་པ་ཁྲི་12.6འདེམས་གཏོང་བྱས་ནས་བོད་ལྗོངས་ཀྱི་གྲོང་ཚོར(སྡེ་ཁུལ)བཅའ་སྡོད་བྱས་ཡོད་པ་རེད།

    ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་ཕྱིན་པ། གྲོང་སྡོད་ལས་དོན་རུ་ཁག་བཅའ་སྡོད་བྱས་པ་ནས་བཟུང་གི་ཉིན་100ཡི་ནང་གྲོང་ཚོ་དང་དུད་ཚང་དུ་བརྟག་ཞིབ་ཆེན་མོ་བྱེད་པར་བསྐྱོད་ཅིང་། ལོ་ལྟར་ཞིང་འབྲོག་མང་ཚོགས་དུད་ཚང་ཁྲི་84ཙམ་ལ་འཚམས་འདྲི་བྱས་ཏེ“གྲོང་ཚོ་དང་དུད་ཚང་ཚང་མར་ལས་བྱེད་པ་མཐོང་རྒྱུ་ཡོད་པར”བྱས་པ་རེད། ལོ་5ཡི་རིང་། རིམ་རྩིས་བརྒྱབ་ན་དམིགས་སའི་རང་བཞིན་གྱི་རོགས་སྐྱོར་བྱེད་ཐབས་ཁག་ཁྲི་3.7བཟོས་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཁྲི་12.4མཐུན་སྦྱོར་ཐག་གཅོད་བྱས་ཏེ། ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་འགྲོ་བར་སྐུལ་འདེད་ནུས་ལྡན་བཏང་ཡོད།

    མང་ཚོགས་ལ་འབབ་འཕར་ཡོང་བར་འདེགས་སྐྱོར་བརྟན་པོ་བྱས་པ། ལོ་5ཡི་རིང་། རིམ་རྩིས་བརྒྱབ་ན་གྲོང་ཚོ་རིམ་པའི་ཐོན་ལས་འཛུགས་སྐྲུན་རྣམ་གྲངས་ཁག་7275ཡིག་ཐོག་སྙན་ཞུ་ཕུལ་བ་དང་། གྲོང་སྡོད་ལས་དོན་ལ་འགྲོ་སོང་སྒོར་དུང་ཕྱུར་13བཏང་ནས་ཆབ་མདོའི་ཨ་དབང་ལུག་དང་ནག་ཆུའི་དགའ་བདེ་སོགས་ལོ་རེའི་ཐོན་རྫས་རིན་ཐང་སྒོར་ཁྲི་སྟོང་ཡན་ཟིན་པའི་སྣེ་འདྲེན་ཁེ་ལས་བཏོད་ཡོད། གྲོང་སྡོད་ལས་བྱེད་པ་800ལྷག་ཙམ་གྱིས་གྲོང་གསེབ་ཀྱི་མཛེས་ལྗོངས་ཡག་པོ་དང་ཐོན་རྫས་ཡག་པོའི“འོས་སྦྱོར་མཁན”དང“མགྲིན་ཚབ་པ”བྱས་ནས་གྲོང་ཚོ་300ལྷག་ཙམ་གྱི་མཉམ་སྡེབ་དཔལ་འབྱོར་གྱི་གྱོང་གུན་གསབ་པ་དང་། གྲོང་ཚོ་500ལྷག་ཙམ་གྱི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་5ཡང་མ་ཟིན་པ་ནས་སྒོར་ཁྲི་5ཡན་བར་འཕར་བར་རོགས་རམ་བྱས་པ་རེད།

    དམངས་འཚོའི་བྱ་བ་དངོས་བསྒྲུབས་ནས་མི་སེམས་དྲོ་བར་བྱས་པ། དིང་རིའི་ཡོམ་འགོག་གེགས་སེལ་དང་གེགས་རྗེས་བསྐྱར་སྐྲུན་བྱེད་རིང་། གྲོང་སྡོད་ལས་དོན་རུ་ཁག་617གྱིས་འཕྲལ་མར་ཡོམ་འགོག་གེགས་སེལ་རུ་ཁག་བཟོས་ནས་མང་ཚོགས་ཁྲི་14ལྷག་ཙམ་གནས་སྤོ་བཀོད་སྒྲིག་བྱས་པ་དང་། གུར་དང་སྟབས་བདེའི་ཁང་པ་ཁྲི་4བརྒྱབ་པ། དངོས་ཟོག་ཁྲི་100ལྷག་ཙམ་བགོ་འགྲེམས་བརྒྱབ་སྟེ། “གནོད་འཚེ་ཐོན་པའི་ལོ་དེ་རང་ལ་སྡོད་ཁང་གསར་པར་སྤོ་ཐུབ་པའི”དམིགས་ཚད་མངོན་འགྱུར་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད། དེ་དང་དུས་མཚུངས་གྲོང་ཚོ་རིམ་པའི་གཟུགས་པོ་འཁྲུད་ཁང་ཆུང་གྲས་དང་ཐབ་ཚང་ཆུང་གྲས་སྒྱུར་བཀོད་རིམ་སྤོར་ལས་གྲྭ་གཅིག་སྡུད་ཐོག་ལག་བསྟར་བྱས་ཏེ་མ་དངུལ་སྒོར་དུང་ཕྱུར་1.6བཏང་ནས་གྲོང་ཚོ་རིམ་པའི་འཁྲུད་ཁང་5118དང་གྲོང་ཚོ་རིམ་པའི་ཐབ་ཚང་5401སྒྱུར་བཀོད་རིམ་སྤོར་བྱས་པ་དེ་ཁྱབ་ཚད་91.28%དང་96.33%སོ་སོར་ཟིན་ནས། “ཆུང་ལ་མཛེས་པའི”རྣམ་གྲངས་ལ་བརྟེན་ནས་མང་ཚོགས་ལ་བདེ་སྐྱིད་བསྐྲུན་ཡོད།

    མི་སྤྱོད་ཀྱི་སྟོན་ཕྱོགས་དེ་བས་མངོན་གསལ་དོད་དུ་ཕྱིན་པ། ལོ་5ཡི་རིང་གྲོང་སྡོད་ལས་དོན་གྱི་སྤྱི་ཁྱབ་རུ་སྣེ་འཁྲིད་མཁན་ཁྲོད་ཀྱི་མི་61གོ་གནས་སམ་ཡང་ན་འགན་རིམ་སྤར་བ་དང་། གྲོང་སྡོད་ལས་བྱེད་པའི་ཁྲོད་ཀྱི་མི་ཁྲི་3.3གྱི་དཔྱད་ཞིབ་གདེང་འཇོག་ཕུལ་བྱུང་རིམ་པར་གཏན་འཁེལ་བྱས་པ། མི་ཁྲི་2ལྷག་ཙམ་གོ་གནས་སམ་ཡང་ན་འགན་རིམ་སྤར་བ། ཕུལ་བྱུང་གྲོང་སྡོད་ལས་བྱེད་པ་300ལྷག་ཙམ་ཤང(གྲོང་རྡལ)གི་འགོ་ཁྲིད་ཚན་ཁག་སྐབས་གསར་པར་ཚུད་པ་སོགས་ལས་འཇོན་ཐང་ལ་གཞིགས་ནས་ལས་བྱེད་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པའི་མི་སྤྱོད་ཀྱི་སྟོན་ཕྱོགས་གསལ་པོ་སྔར་བས་མངོན་ཡོད།

    དཔྱད་འདེམས་གཟེངས་བསྟོད་ཐད“ཞིབ་བཤེར་གཉིས་དང་ཡོངས་བསྒྲགས་གསུམ”གྱི་གོ་རིམ་ལག་བསྟར་ནན་པོ་བྱས་ཏེ། འཇོན་ཐང་ལ་གཞིགས་ནས་ལས་བྱེད་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པ་མཐའ་འཁྱོངས་ཀྱིས་ས་བབ་མཐོ་བ་དང་དཀའ་ཚེགས་ཆེ་བའི་ཐག་རིང་ལུང་ཁུག་ལ་གཟིགས་སྐྱོང་བྱ་རྒྱུར་སྣང་ཆེན་བྱས་ནས་གཟེངས་བསྟོད་བྱ་ཡུལ་གྱི་སྔོན་ཐོན་རང་བཞིན་དང་། ཚབ་མཚོན་རང་བཞིན། དཔེ་མཚོན་རང་བཞིན་བཅས་འགན་ལེན་བྱས་ཤིང་། ཁྱོན་སྔོན་ཐོན་གྲོང་སྡོད་ལས་དོན་རུ་ཁག་100དང་། སྔོན་ཐོན་གྲོང་སྡོད་ལས་བྱེད་པ་400 ཕུལ་བྱུང་རྩ་འཛུགས་ཚན་པ་50བཅས་ལ་གཟེངས་བསྟོད་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།