དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བ་དང་པོ་ནས་བཞི་པའི་བར་རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་3.5%འཕར་བ།

    ​གཏོང་སྒོའི་མྱུར་ཚད་ཉེ་བའི་ལོ་ལྔའི་རིང་གི་དུས་མཚུངས་ཀྱི་མགྱོགས་ཤོས་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-05-23

    ཚེས་20ཉིན། ནོར་སྲིད་པུས་ཟླ་བ་དང་པོ་ནས་བཞི་པའི་བར་གྱི་ནོར་སྲིད་གཏོང་ཡོང་འཁོར་རྒྱུག་གི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་རེད། ཟླ་བ་དང་པོ་ནས་བཞི་པའི་བར་རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་ཁྲི་8.34ཟིན་པ་དེ་དུས་མཚུངས་ལས་3.5%འཕར་ཞིང་། འཕར་ཚད་དུས་ཚིགས་དང་པོ་ལས་བརྒྱ་ཆའི་གྲངས་1.1མཐོ་རུ་ཕྱིན་ནས་འཕེལ་ཕྱོགས་བཟང་པོ་སྲ་བརྟན་དུ་ཕྱིན་ཡོད། རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོའི་འཕེལ་རིམ་དེ་ཉེ་བའི་ལོ་ལྔའི་རིང་གི་དུས་མཚུངས་ལས་མགྱོགས་ཤོས་ཡིན་པ་དང་གཙོ་གནད་ཁྱབ་ཁོངས་ཀྱི་གཏོང་སྒོ་འགན་ལེན་ཅུང་ཡག་པོ་བྱུང་ཡོད།

    ཟླ་བ་དང་པོ་ནས་བཞི་པའི་བར་རྒྱལ་ཡོངས་ཀྱི་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར་ཁྲི་6.81ཟིན་པ་དེ་3.9%འཕར་བ་དང་འཕར་ཚད་དུས་ཚིགས་དང་པོ་ལས་བརྒྱ་ཆའི་གྲངས་1.7མཐོ་རུ་ཕྱིན་ཡོད། ཁྲལ་རིགས་དབྱེ་ནས་བལྟས་ན། རྒྱལ་ནང་གི་གནས་ཐང་འཕར་ཁྲལ་5.9%འཕར་བ་དང་འཕར་ཚད་ཟླ་3བསྟུད་མར་མཐོ་རུ་ཕྱིན་པ་དེ། གཙོ་བོ་བཟོ་ལས་ཞབས་ཞུའི་ལས་རིགས་རྒྱུན་མཐུད་ནས་འཕར་བ་དང་བཟོ་ལས་ཐོན་སྐྱེད་པའི་བཟོ་གྲྭ་ནས་ཐོན་པའི་རིན་གོང་ཟླ་རེ་བཞིན་སླར་གསོ་བྱུང་བ་སོགས་ཀྱིས་སྐུལ་ཁྲིད་བྱས་པ་ལས་བྱུང་བ་དང་། ནང་འདྲེན་དངོས་ཟོག་གི་གནས་ཐང་འཕར་ཁྲལ་དང་འཛད་སྤྱོད་དཔྱ་ཁྲལ་11.2%འཕར་བ་དེ། གཙོ་བོ་ཕྱི་ཕྱོགས་ཚོང་དོན་ཐད་ནང་འདྲེན་ཅུང་མགྱོགས་པོ་འཕར་བ་ལས་བྱུང་བ། ཁེ་ལས་ཀྱི་ཐོབ་ཁྲལ་0.5%ཆག་པ་དང་ཆག་ཚད་དུས་ཚིགས་དང་པོ་ལས་བརྒྱ་ཆའི་གྲངས་5.1ཆུང་དུ་ཕྱིན་པ་དེ། གཙོ་བོ་ཉེ་དུས་ཁེ་ལས་ཀྱི་ཁེ་སྤོགས་འཕར་ཚད་ཅུང་མགྱོགས་པོ་བྱུང་ནས་སྐུལ་ཁྲིད་བྱས་པ་ལས་བྱུང་བ། དངུལ་འཛིན་ཉོ་ཚོང་གི་འཛིན་ཁྲལ་74.8%འཕར་བ་དེ། གཙོ་བོ་མ་རྐང་ཁྲོམ་རའི་ཉོ་ཚོང་འཁྲུག་ཏུ་ཕྱིན་པ་ལས་བྱུང་བ། ཕྱིར་གཏོང་དངོས་ཟོག་གི་གནས་ཐང་འཕར་ཁྲལ་དང་འཛད་སྤྱོད་དཔྱ་ཁྲལ་སྒོར་དུང་ཕྱུར་9540ཆག་པ་དེ། དུས་མཚུངས་ལས་ཕྱིར་སློག་བྱེད་གྲངས་སྒོར་དུང་ཕྱུར་430མང་དུ་ཕྱིན་པ་དང་4.7%འཕར་ནས་ཕྱི་ཕྱོགས་ཚོང་དོན་གྱི་ཐད་ཕྱིར་གཏོང་འཕར་རྒྱུར་རྒྱབ་སྐྱོར་ནུས་ལྡན་བྱུང་བ་བཅས་རེད།

    རིམ་ཁག་ནོར་སྲིད་སྡེ་ཚན་གྱིས་དགེ་མཚན་དེ་བས་ཆེ་བའི་ནོར་སྲིད་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་ཏེ། དགོས་ངེས་ཀྱི་ནོར་སྲིད་གཏོང་སྒོ་རྒྱུན་འཁྱོངས་བྱས་པ་དང་གཏོང་སྒོའི་མྱུར་ཚད་ལུགས་མཐུན་ངང་མགྱོགས་སུ་བཏང་བས། དམངས་འཚོ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་གཏོང་སྒོ་འགན་ལེན་ཅུང་ཡག་པོ་བྱུང་ཡོད། ཟླ་བ་དང་པོ་ནས་བཞི་པ་བར། རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་ཁྲི་9.48ཟིན་པ་དེ་དུས་མཚུངས་ལས་1.3%འཕར་བ་དང་གཏོང་སྒོའི་གཞི་ཁྱོན་ནི་ལོ་འགོའི་སྔོན་རྩིས་ཀྱི་31.6%རེད། དེའི་ནང་འཕྲོད་བསྟེན་བདེ་ཐང་གི་གཏོང་སྒོ་11.4%འཕར་བ་དེ། གཙོ་བོ་བུ་གསོའི་ཁ་གསབ་དང་ནོར་སྲིད་ཀྱིས་གཞི་རྩའི་སྨན་བཅོས་འགན་བཅོལ་ཐེབས་རྩར་ཁ་གསབ་རོགས་དངུལ་སྤྲོད་ཚད་སོགས་མང་ཙམ་འཕར་བ་ལས་བྱུང་བ་དང་། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་གཏོང་སྒོ་7.3%འཕར་བ། སྡོད་ཁང་འགན་སྲུང་གི་གཏོང་སྒོ་4.9%འཕར་ཡོད།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།