ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ལྷན་དུ་གསར་འགོད་པར་མཇལ་འཕྲད་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་20ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་གྲོས་མོལ་གནང་རྗེས་ལྷན་དུ་གསར་འགོད་པར་མཇལ་འཕྲད་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ད་ཐེངས་ནི་ཙུང་ཐུང་ཕུའུ་ཅིང་གིས་ཀྲུང་གོར་འཚམས་འདྲི་གནང་ཐེངས་ཉེར་ལྔ་པ་ཡིན་པ་དེ་ཐོག་ནས་ཀྲུང་ཨུའི་འབྲེལ་བའི་ཆུ་ཚད་མཐོ་པོ་དང་དམིགས་བསལ་རང་བཞིན་གང་ལེགས་མངོན་ཡོད། ད་གིན་ངས་ཙུང་ཐུང་ཕུའུ་ཅིང་དང་གཏིང་ཟབ་ལ་མཛའ་གྲོགས་དང་གྲུབ་འབྲས་ཀྱིས་ཕྱུག་པའི་གྲོས་མོལ་བྱས་ཏེ། གནད་དོན་གལ་ཆེན་རབ་དང་རིམ་པར་འཐབ་ཇུས་ཀྱི་འབྲེལ་གཏུག་བྱས་པ་ཡིན། ང་ཚོས་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་གྲོགས་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་རྒྱལ་ཁབ་གཉིས་པོའི་མཉམ་འབྲེལ་གསལ་བསྒྲགས་ལ་ཐུན་མོང་ཐོག་མིང་རྟགས་བཀོད་པ་དང་ཕྱོགས་གཉིས་པོའི་མཉམ་ལས་གལ་ཆེན་མང་པོ་གྲུབ་པར་བདེན་དཔང་བྱས་པ་ཡིན།
རྒྱལ་ཁབ་གཉིས་པོས་ད་དུང་འཛམ་གླིང་སྣེ་མང་ཅན་དང་རྒྱལ་སྤྱིའི་འབྲེལ་བ་གསར་པ་དར་སྤེལ་གཏོང་རྒྱུའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས་ཀྱང་སྤེལ་རྒྱུ་ཡིན།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ད་ལོ་ནི་ཀྲུང་ཨུའི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་ངོ་30འཁོར་བའི་ལོ་ཞིག་རེད། ལོ་30ཡི་རིང་། ཀྲུང་ཨུའི་འབྲེལ་བས་ངལ་བ་ཁྱད་དུ་བསད་ནས་དུས་བསྟུན་འཕེལ་རྒྱས་བཏང་བས་འབྲེལ་བའི་ངེས་གནས་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཏེ། དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བའི་ལོ་རྒྱུས་ཀྱི་ཆུ་ཚད་མཐོ་ཤོས་སུ་སླེབས་ཏེ་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པའི་དཔེ་མཚོན་བཏོད་ཡོད། ད་ལོ་ནི《ཀྲུང་ཨུ་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་གྲོགས་མཉམ་ལས་ཆིངས་ཡིག》ལ་མིང་རྟགས་བཀོད་ནས་ལོ་ངོ་25འཁོར་བའི་ལོ་ཞིག་ཀྱང་རེད། ལོ་མང་རིང་རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཆིངས་ཡིག་དེས་གཏན་འཁེལ་བྱས་པའི“མནའ་འབྲེལ་མི་བྱེད་པ་དང་། ཁ་གཏད་དུ་མི་ལངས་པ། ཕྱོགས་གསུམ་པར་མི་དམིགས་པ”བཅས་ཀྱི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུས་ཐོག་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་། ཕན་ཚུན་བརྩི་འཇོག ཁ་དན་ཚིག་གནས་ལ་སྣང་ཆེན། མཉམ་ལས་གཉིས་ཁེ་བཅས་མཐའ་འཁྱོངས་བྱས་ཏེ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་པ་དང་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བས་འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་ཁྲོད་ཀྱི་འགག་རྩའི་གཏན་ཚད་དུ་གྱུར་ཡོད།
ཞི་ཅིན་ཕིང་གིས་གསུངས་དོན། ང་དང་ཙུང་ཐུང་ཕུའུ་ཅིང་ཐུན་མོང་གི་འཐབ་ཇུས་སྣེ་ཁྲིད་འོག་ཀྲུང་ཨུའི་འབྲེལ་བ་འགོ་འཛུགས་ས་གསར་པར་སླེབས་ཡོད། ཕྱོགས་གཉིས་པོས་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཁེ་བཅས་ཀྱི་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་ནས་ཀྲུང་ཨུའི་འབྲེལ་བ་སྤུས་ཚད་དེ་བས་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
གཅིག་ནས་སྤུས་ཚད་དེ་བས་མཐོ་བའི་ཆབ་སྲིད་ཀྱི་ཡིད་ཆེས་བརྟན་དུ་བཏང་ནས་ཕན་ཚུན་དབར་གྱི་འཐབ་ཇུས་རྒྱབ་སྐྱོར་བརྟན་དུ་གཏོང་དགོས། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་པ་ནི་ཀྲུང་ཨུའི་འབྲེལ་བའི་ཁྱད་ཆོས་མངོན་གསལ་དོད་ཤོས་ཤིག་ཡིན་ལ《ཀྲུང་ཨུ་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་གྲོགས་མཉམ་ལས་ཆིངས་ཡིག》གི་དམིགས་ཡུལ་དང་གཞི་རྩའི་རྩ་དོན་ཡང་ཡིན། ང་དང་ཙུང་ཐུང་ཕུའུ་ཅིང་གིས་ཆིངས་ཡིག་འདིའི་དུས་ཡུན་མུ་མཐུད་རིང་དུ་གཏོང་རྒྱུའི་ཐག་བཅད་པ་ཡིན། ཕྱོགས་གཉིས་པོས་སྔ་འཛིན་ཕྱི་གཏོད་ཀྱིས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་སྔར་བས་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱས་ཏེ། འཐབ་ཇུས་འབྲེལ་མཐུད་དང་རིམ་པ་ཁག་གི་འགྲོ་འོང་རྒྱུན་མཐུད་ངང་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་པའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས།
གཉིས་ནས་སྤུས་ཚད་དེ་བས་མཐོ་བའི་གཉིས་ཕན་མཉམ་ལས་ལ་མཐུན་རྐྱེན་སྦྱར་ནས་རང་ངོས་འཕེལ་རྒྱས་དང་དར་རྒྱས་འགྲོ་རྒྱུར་མཉམ་དུ་སྐུལ་འདེད་གཏོང་དགོས། ཉེ་བའི་ལོ་ཤས་རིང་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་འཕེལ་རྒྱས་ཆེན་པོ་བྱུང་ནས་དགེ་མཚན་ལྡན་པའི་གྲུབ་འབྲས་མང་པོ་ཐོབ་ཡོད། ཕྱོགས་གཉིས་པོའི་ཚོང་དོན་དངུལ་འབོར་ལོ་གསུམ་བསྟུད་མར་ཨ་སྒོར་དུང་ཕྱུར་2000ལས་བརྒལ་བ་དང་ད་ལོའི་ཟླ་བ་དང་པོ་ནས་བཞི་པའི་བར་ཕྱོགས་གཉིས་པོའི་ཚོང་དོན་དངུལ་འབོར་20%ཙམ་འཕར་ཡོད། ཕྱོགས་གཉིས་པོས་བབ་བསྟུན་འཕྲལ་སྒྲུབ་ཀྱིས་ཀྲུང་གོའི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་དེ་ཨུ་རུ་སུའི་2030ལོའི་གོང་གི་འཕེལ་རྒྱས་འཐབ་ཇུས་དང་སྦྲེལ་མཐུད་གཏིང་ཟབ་བྱས་ཏེ། ཁྱབ་ཁོངས་ཁག་གི་གཉིས་ཁེ་མཉམ་ལས་ཀྱི་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་རང་ངོས་འཕེལ་རྒྱས་དང་དར་རྒྱས་ལ་ཞབས་འདེགས་ཞུ་དགོས།
གསུམ་ནས་སྤུས་ཚད་དེ་བས་མཐོ་བའི་དམངས་སེམས་གཅིག་མཐུན་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་རབས་ནས་མི་རབས་བར་མཛའ་གྲོགས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། ཀྲུང་ཨུའི་འབྲེལ་བ་ཆུ་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་རྒྱལ་ཁབ་གཉིས་པོའི་མི་ཆོས་རིག་གནས་ཀྱི་འགྲོ་འོང་ཟམ་མི་ཆད་པར་ཟབ་ཏུ་དང་དམངས་སེམས་ཀྱི་འབྲེལ་ཐག་སྔར་བས་དམ་དུ་འགྲོ་བཞིན་ཡོད། ང་དང་ཙུང་ཐུང་ཕུའུ་ཅིང་གིས་ད་ལོ་དང་སང་ལོར་རྒྱལ་ཁབ་གཉིས་པོའི་རྒྱལ་ཁབ་རིམ་པའི་བརྗོད་དོན་གཙོ་བོའི་ལོ་བཅུ་པ་སྟེ“ཀྲུང་ཨུའི་སློབ་གསོའི་ལོ”གཉེར་རྒྱུའི་ཐག་བཅད་པ་ཡིན། ཕྱོགས་གཉིས་པོས“སློབ་གསོའི་ལོ”གོ་སྐབས་སུ་བྱས་ནས་ཕྱོགས་གཉིས་དབར་ཕྱི་སྦྱོང་སློབ་མ་མུ་མཐུད་མང་དུ་གཏོང་བ་དང་མཐོ་སློབ་དང་དེ་བཞིན་ཚན་ཞིབ་ལས་སྟེགས་ཀྱི་སྤེལ་རེས་མཉམ་ལས་ཟབ་ཏུ་བཏང་སྟེ། ཕུལ་བྱུང་ཤེས་ལྡན་པ་གསོ་སྐྱོང་དང་མཉམ་འབྲེལ་ཚན་ཞིབ་འགག་སྒྲོལ་སོགས་ཀྱི་ཐད་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་དེ་བས་མང་བ་ཐོབ་པར་བྱས་ནས་ཀྲུང་ཨུའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་ཆེད་ཆ་རྐྱེན་དེ་བས་ལེགས་པ་གཏོད་དགོས།
བཞི་ནས་སྤུས་ཚད་དེ་བས་མཐོ་བའི་རྒྱལ་སྤྱིའི་མཉམ་ལས་བྱས་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་དགོས། དེང་སྐབས་འཛམ་གླིང་ཞི་བདེ་གཏན་ནས་མེད་པར་ཕྱོགས་རྐྱང་རིང་ལུགས་དང་བཙན་དབང་རིང་ལུགས་ཀྱིས་གནོད་འཚེ་ཚབས་ཆེན་བཟོ་བཞིན་ཡོད་པས། འཛམ་གླིང་ལ་ཆེ་བཙན་ཆུང་བརྙས་ཀྱི་སྣང་ཚུལ་བསྐྱར་དུ་ཐོན་པའི་ཉེན་ཁ་འཕྲད་ཡོད། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་རྒྱལ་ཁབ་ཡིན་པའི་ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱིས་འགན་འཁྲི་འཁུར་མཁན་རྒྱལ་ཁབ་ཆེན་པོའི་འགན་འཁྲི་བློ་བརྟན་འགྱུར་མེད་ངང་ཁུར་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབང་གྲགས་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་དང་། ཕྱོགས་རྐྱང་པའི་བཙན་བརྙས་དང་ལོ་རྒྱུས་ཀྱི་འཕེལ་ཕྱོགས་དང་ལྡོག་ནས་སྐྱོད་པའི་བྱེད་སྤྱོད་མཐའ་དག་ལ་ངོ་རྒོལ། ལྷག་པར་དུ་འཛམ་གླིང་དམག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་ཁས་མི་ལེན་པ་དང་ཧྥ་ཤི་སི་དང་དམག་རྒྱལ་རིང་ལུགས་ཀྱི“གྱོད་ལོག་རྒྱག་པ་དང་རྣམ་ཤེས་འགུགས་པའི”བསྙད་རྐོའི་བྱེད་སྤྱོད་མཐའ་དག་ལ་ངོ་རྒོལ་བཅས་བྱས་ཏེ། དེ་བས་གཞུང་དྲང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས།
ཕུའུ་ཅིང་གིས་གསུངས་དོན། ད་ཐེངས་ཀྱི་འཚམས་འདྲི་ནི《ཨུ་ཀྲུང་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་གྲོགས་མཉམ་ལས་ཆིངས་ཡིག》ལ་མིང་རྟགས་བཀོད་ནས་ལོ་ངོ་25འཁོར་བའི་དུས་སྐབས་གལ་ཆེན་དང་ཏག་ཏག་འཁེལ་ཡོད། ཆིངས་ཡིག་དེས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་རྨང་གཞི་བཏིང་ཡོད། མིག་སྔར་ཨུ་ཀྲུང་འབྲེལ་བ་སྔར་བྱུང་མྱོང་མེད་པའི་ཆུ་ཚད་མཐོ་པོར་གནས་པ་དང་། རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་རོགས་རེས། ཕན་ཚུན་རྒྱབ་སྐྱོར་བཅས་ཀྱི་སྙིང་སྟོབས་མཐའ་འཁྱོངས་བྱས་ནས་ཕྱོགས་གཉིས་པོའི་མཉམ་ལས་རྒྱུན་མཐུད་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། ཨུ་ཀྲུང་འབྲེལ་བ་འཕེལ་རྒྱས་འགྲོ་བར་ནང་སྐྱེས་ཀྱི་སྒུལ་ཤུགས་ཆེན་པོ་ལྡན་ཡོད་པ་དང་། རྒྱལ་ཁབ་གཉིས་པོའི་མཉམ་ལས་ཐད་ཕྱོགས་གསུམ་པར་དམིགས་མེད་ལ་ས་འབྲེལ་ཆབ་སྲིད་འགྱུར་ལྡོག་གི་ཤུགས་རྐྱེན་ཡང་ཐེབས་མེད། ང་དང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྲོ་སེམས་འཁོལ་ལ་མཛའ་བརྩེས་ཕྱུག་པའི་ཁོར་ཡུག་ཁྲོད་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཁྲོད་ཀྱི་རྒྱ་ཁྱབ་ཀྱི་གྲོས་གཞི་གལ་ཆེན་ཐད་སྤེལ་རེས་གཏིང་ཟབ་བྱས་ནས་འབྱུང་འགྱུར་གྱི་མཉམ་ལས་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འབྱུང་འགྱུར་ལ་ཡིད་ཆེས་ཆེན་པོ་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་རོགས་ཟླའི་འབྲེལ་བ་དང་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་གྲོགས་ཟབ་ཏུ་གཏོང་བ་དང་དམངས་སེམས་གཅིག་མཐུན་ལ་ཤུགས་སྣོན་བརྒྱབ་ནས་རང་སོ་སོའི་འཕེལ་རྒྱས་དར་རྒྱས་དང་མི་དམངས་ལ་བདེ་རྩ་སྐྲུན་པར་རམ་འདེགས་བྱ་རྒྱུ་ཡིན། ཨུ་ཀྲུང་གིས་རྒྱལ་སྤྱིའི་གར་སྟེགས་ཐོག་འཐབ་ཇུས་མཉམ་ལས་དམ་ཟབ་རྒྱུན་འཁྱོངས་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་ཐུན་མོང་ཐོག་སྲུང་སྐྱོང་དང་གོ་ལ་ཧྲིལ་པོའི་བདེ་འཇགས་བརྟན་ལྷིང་ཐུན་མོང་ཐོག་སྲུང་སྐྱོང་བྱ་རྒྱུ་ཡིན།
ཚའེ་ཆི་དང་། ཏིང་ཤུའེ་ཞང་། ཝང་དབྱི། ཧོ་ལི་ཧྥུང་། ཀྲང་གོ་ཆིང་། ཧྲེན་དབྱི་ཆིན་སོགས་ཞུགས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།