ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས“ཀྲུང་ཨུའི་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་རྒྱུན་འཛིན་བྱས་ནས་རྒྱལ་ཁབ་ཆེན་པོའི་འབྲེལ་བའི་དཔེ་མཚོན་གཏོད་པའི”པར་རིས་འགྲེམས་སྟོན་ལ་ལྷན་དུ་གཟིཌ་སྐོར་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་20ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར“ཀྲུང་ཨུའི་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་རྒྱུན་འཛིན་བྱས་ནས་རྒྱལ་ཁབ་ཆེན་པོའི་འབྲེལ་བའི་དཔེ་མཚོན་གཏོད་པའི”པར་རིས་འགྲེམས་སྟོན་ལ་ལྷན་དུ་གཟིགས་སྐོར་གནང་བ་རེད།
ཞི་ཅིན་ཕིང་དང་ཕུའུ་ཅིང་རྣམ་གཉིས་ཀྱིས་ཕེབས་མཚམས་ཡང་ཡང་བཞག་ནས་ནན་ཏན་གཟིགས་པ་དང་འགྲེལ་བཤད་གསན་པ་མ་ཟད། ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་ཉེ་བའི་ལོ་ཤས་རིང་གི་མཛའ་གྲོགས་འགྲོ་འོང་དང་མཉམ་ལས་ཀྱི་དུས་སྐབས་བཟང་པོར་ཕྱིར་དྲན་གནང་ཞིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས། ཀྲུང་གོ་དང་ཨུ་རུ་སུའི་མཛའ་གྲོགས་ཀྱི་བྱ་གཞག་རླབས་པོ་ཆེ་དེ་ཉིད་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་དུས་རབས་ཀྱི་འཕེལ་ཕྱོགས་དང་མཐུན་ནས་སྲ་བརྟན་འགྱུར་མེད་ཅིག་ཡོད་པས། བརྟན་བགྲོད་རྒྱང་འཁྱོལ་དང་ཞུམ་མེད་མདུན་སྐྱོད་ཐུབ་སྟེ་ངོ་མཚར་ཆེ་བའི་ལེའུ་གསར་པ་རྒྱུན་ཆད་མེད་པར་མུ་མཐུད་རྩོམ་ངེས་ཡིན་ཞེས་གསུངས་པ་རེད།
པར་རིས་འགྲེམས་སྟོན་དེ་ཤིན་ཧྭ་གསར་འགྱུར་ཁང་དང་ཨུ་རུ་སུའི་ཐ་སི་གསར་འགྱུར་ཁང་གིས་ཐུན་མོང་ཐོག་གཉེར་ཞིང་། དུས་རབས་གསར་པ་ཤར་ཚུན་དུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་གྱི་འགྲོ་འོང་དམ་ཟབ་གསོན་ཉམས་དོད་པོས་མངོན་པ་དང་། ཀྲུང་ཨུ་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་གྲོགས་མཉམ་ལས་ཟབ་ཏུ་བརྟན་པོ་ཕྱིན་པ་ཕྱོགས་ཡོངས་ནས་མཚོན་ཡོད་པ་རེད།
ཚའེ་ཆི་དང་། ཏིང་ཤུའེ་ཞང་། ཝང་དབྱི་བཅས་ཞུགས་པ་རེད།
འབྲེལ་ཡོད་གསར་འགྱུར།