མཚོ་སྔོན་གྱི་ཚོང་གཉེར་ཁོར་ཡུག་སྒྱུར་བཅོས་ཀྱི་ཉམས་མྱོང་རྒྱལ་ཁབ་ཀྱི་དཔེ་མཚོན་དུ་བདམས་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས《ཀྲུང་གོའི་ཚོང་གཉེར་ཁོར་ཡུག་འཕེལ་རྒྱས་གཏོང་བའི་སྙན་ཞུ(2026ལོ)》བཀྲམ་པ་ལས། རང་རྒྱལ་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་བར་ཐོབ་པའི་གཡུར་ཟའི་གྲུབ་འབྲས་དང་ས་གནས་ཁག་གིས་གསོན་ཉམས་དོད་པོས་ལག་ལེན་བསྟར་ཚུལ་ཕྱོགས་ཡོངས་ནས་མངོན་ཡོད། མཚོ་སྔོན་ཞིང་ཆེན་གྱིས“ཕྱོགས་བསྡུས་ཞིབ་བཤེར་ཐེངས་གཅིག”དང“ཨང་བཤེར་བྱས་ན་ཁེ་ལས་ལ་འཛུལ་ཆོག་པའི”བྱེད་སྟངས་ཁྱབ་གདལ་བཏང་བ་དེ《སྙན་ཞུའི》ནང་། “གསལ་ཐོ་དང་ལག་རྩལ་ཟུང་འབྲེལ”ལ་བརྟེན་ནས་ཁེ་ལས་དང་འབྲེལ་བའི་སྲིད་འཛིན་ཁྲིམས་སྒྱུར་ཚད་ལྡན་དུ་གཏོང་བའི་དཔེ་མཚོན་དུ་བདམས་ཡོད། 2025ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་གཉེར་སྐྱོང་བྱེད་པོའི་དགོས་མཁོར་དོ་ཁུར་བྱ་རྒྱུར་དམིགས་པ་དང“དགོས་མཁོ་ཡོད་ཚེ་ངེས་པར་བརྡ་ལན་སྤྲོད་པ་དང་། དོན་དག་མེད་ཚེ་རྙོག་དྲ་མི་བཟོ་བའི”འདུ་ཤེས་མཐའ་འཁྱོངས་བྱས་ཏེ། འཁོར་འབྲེལ་ཧྲིལ་པོ་དང་ཕྱོགས་ཡོངས་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བར་རིམ་འཇུག་དང་སྒྱུར་བཅོས་ཀྱི་བྱ་ཐབས་ཁག་དོན་འཁྱོལ་གྱིས་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་བས་ཚོང་གཉེར་གྱི་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་ཕྱིན་ཡོད།
མཚོ་སྔོན་གྱིས“མ་འཇོག་ལས་དར་ཡོང་བར་མཚོ་སྔོན་སྔོན་ལ་འདེམས་པའི”ཚོང་གཉེར་སྤུས་རྟགས་གཏོད་པའི་བྱ་ཐབས་འགའ་ཞིག་བཏོན་ཏེ། 2025ལོའི་པར་གཞི་དང་2026ལོའི་པར་གཞིའི“གཤགས་ཁ་ཆུང་ཡང་ཕན་ནུས་ཆེ་བའི”ཚོང་གཉེར་ཁོར་ཡུག་ཏུ་སྒྱུར་བཅོས་བྱས་ཡོད། “1+7+N”ཡི་རྒྱལ་ཁབ་ཀྱི་སྤུས་ཚད་རྨང་གཞིའི་སྒྲིག་བཀོད་ཀྱི་ས་མཐོའི་འདུས་གྲུབ་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་གསར་གཏོད་ལྡན་པའི་སྐུལ་འདེད་གཏོང་བ་དང་། ས་མཐོའི་ས་བབ་བང་རིམ་གྱི་ཕྱི་རོལ་ལས་སྒྲུབ་ཀྱི་ཚོད་ལྟ་ར་བ་སྐྲུན་པ། རྒྱལ་ཡོངས་ཀྱི་3Hཡི་ས་མཐོའི་དཔང་ལེན་ར་སྤྲོད་མ་ལག་ཐོག་མ་ཁྱབ་བསྒྲཌ་བཅས་བྱས་ནས་གནས་སྟངས་ཧ་ཅང་ཞན་པའི་ས་མཐོའི་ཁོར་ཡུག་གི་སྤུས་ཚད་དཔང་ལེན་ར་སྤྲོད་ཀྱི་སྟོང་ཆ་ནུས་ལྡན་བསྐངས་ཡོད། དྲང་གཞག་འགྲན་རྩོད་ལ་ཞིབ་བཤེར་བྱེད་པའི་གཅུན་འདོམས་ནན་དུ་ཤུགས་ཆེན་གཏོང་བ་དང་། ཚོང་རར་ཞུགས་འཐུས་ཀྱི་བཀག་རྒྱ་དང་། སུས་འཇོན་དེ་འགུགས་དང་འོས་དཔོད། སྲིད་གཞུང་གི་ཉོ་སྒྲུབ་བཅས་ཀྱི་ཁྱབ་ཁོངས་ལ་ཆེད་དོན་བཅོས་སྒྲིག་བྱེད་པ། “ཉེ་གཙང”གི་སྲིད་གཞུང་དང་ཚོང་པའི་དབར་གྱི་འབྲེལ་བའི་དྲང་ཕྱོགས་དང་ལྡོག་ཕྱོགས་ཀྱི་གསལ་ཐོ་བཟོ་བ། ཁེ་ལས་དང་འབྲེལ་བའི་གྱོད་གཞིའི“ཤར་སྐྱོད་འགྲོ་ལམ”འཛུགས་པ་བཅས་བྱས་ནས་ཁེ་ལས་དང་ཁེ་ལས་མཁས་ཅན་གྱི་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་བྱས་ཡོད།
རྒྱལ་ཡོངས་ས་གནས་སུ་འཐེན་ཐུག་ཐོན་ལས་འཕེལ་རྒྱས་གཏོང་བའི་སྲོལ་ཡིག་དང་རྒྱུན་མཐུད་འཕེལ་རྒྱས་ཆོག་པའི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་གྱི་སྲོལ་ཡིག་ཐོག་མ་བཏོན་ནས། གཙོ་གནད་ཐོན་ལས་དང་ཁྱད་ལྡན་ཁྱབ་ཁོངས་ལ་ཁྱབ་པའི་ལམ་ལུགས་འགན་ལེན་མ་ལག་བཙུགས་ཡོད། “ཕྱོགས་བསྡུས་ཞིབ་བཤེར་ཐེངས་གཅིག་བྱེད་པའི”ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས“ཨང་རྟགས་བཤེར་ན་ཁེ་ལས་ལ་འཛུལ་ཆོག་པ”ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བ་མ་ཟད། ཁྱབ་ཁོངས་64ཡི་དོན་གནད164ལ་ཁྱབ་པའི་སྡེ་ཚན་གྱི་མཉམ་འབྲེལ་ཟུར་འཐེན་ཞིབ་བཤེར་གྱི་དོན་གནད་གསལ་ཐོ་བཟོས་པའི་ཐོག “ཞིབ་བཤེར་བྱེད་རིང་ཞིབ་མཆན་འགོད་པ་དང་། ཁེ་ལས་ལ་འཛུལ་བར་ཨང་རྟགས་བཤེར་བ། ཁྲིམས་སྒྱུར་བྱེད་པར་ལག་ཁྱེར་སྟོན་པ། ཞིབ་བཤེར་བྱེད་པར་ཐོ་འགོད་པ། འབྲས་བུ་ཁྱབ་བསྒྲགས་བཅས་ངེས་པར་དུ་བྱེད་དགོས་པའི”ཁེ་ལས་དང་འབྲེལ་བའི་ཞིབ་བཤེར་བླང་བྱ་དོན་འཁྱོལ་ནན་པོ་བྱས་པས། ཞིང་ཆེན་ཡོངས་ཀྱི་རིམ་ཁག་སྲིད་འཛིན་ཁྲིམས་འཛིན་སྡེ་ཚན་གྱིས་ཁེ་ལས་དང་དུད་ཚང་ལ་བསྐྱོད་དེ་ཞིབ་བཤེར་ཐེངས་ཁྲི་8.35བྱས་པ་དེ་དུས་མཚུངས་ལས་24.16%ཆག་པ་དང་། གནད་དོན་ཤེས་ཚད་28.2%འཕར་བ། ཁེ་ལས་ཀྱིས་ཁེ་ལས་དང་འབྲེལ་བའི་སྲིད་འཛིན་ཞིབ་བཤེར་ལ་བློ་ཡིད་ཚིམ་ཚད་99.87%ཟིན་པ་བཅས་བྱུང་ཡོད།
མཚོ་སྔོན་དུ་ཡོང་མཁན་དང་མཚོ་སྔོན་དུ་སྡོད་པའི་ཕྱི་རྒྱལ་བར་ཞབས་འདེགས་ཞུ་སྟངས་ལེགས་སུ་བཏང་བས་ཕྱི་རྒྱལ་གྱི་ཚོང་པའི་མ་འཇོག་ཁེ་ལས་13མང་དུ་ཕྱིན་པ་དང་། གན་རྒྱ་བཞག་པའི་ཕྱི་རྒྱལ་གྱི་མ་དངུལ་ལྡབ་2.75འཕར་བ། ཕྱི་རྒྱལ་གྱི་མ་དངུལ་དངོས་སུ་སྤྱོད་ཚད་ཨ་སྒོར་ཁྲི་2773ཟིན་ཡོད། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ཚོང་དོན་ཤར་བགྲོད་མཉམ་ལས་ལས་སྟེགས་ཀྱི་མཚོ་སྔོན་ས་ཁོངས་ཀྱི་མཉམ་ལས་གཞི་རྟེན་གྱི་སྒོ་བྱང་དངོས་སུ་བཀལ་བ་དང་། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་དང་པོས་སྒོ་ཁྲལ་སྡོམ་པའི་ལས་གཉེར་བྱས་པ། ཕྱི་ཕྱོགས་ཚོང་དོན་གྱི་རོགས་ཟླའི་རྒྱལ་ཁབ་དང་ས་ཁུལ་155བར་རྒྱ་བསྐྱེད་པ། ལྗང་མདོག་སྐྱེ་ལྡན་གྱི་ཞིང་འབྲོག་ཐོན་རྫས་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་30ལྷག་ཙམ་ལ་བཙོངས་པ་མ་ཟད། ཨེ་ཤེ་ཡ་དབུས་མ་དང་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་གཞུང་ལམ་དང་ལྕགས་ལམ་མཉམ་འབྲེལ་སྐྱེལ་འདྲེན་གྱི་དུས་གཏན་མེ་འཁོར་ཐོག་མ་བཏང་བ་དང་། ཀྲུང་གོ་དང་ཝེ་ཐེ་ནམ་ལ་གཏོང་བའི་རྒྱལ་ཡོངས་ཀྱི་དུས་གཏན་མེ་འཁོར་ཐོག་མ་འགག་སྒོ་ཁུལ་སྒྲོལ་བའི“ལྕགས་ལམ་མྱུར་བགྲོད”ཀྱི་བྱེད་སྟངས་དངོས་སུ་དོན་འཁྱོལ་ཐུབ་ནས་རིམ་རྩིས་བརྒྱབ་ན་རྒྱལ་སྤྱིའི་དུས་གཏན་མེ་འཁོར་597བཏང་ཡོད། ཟི་ལིང་ནས་པང་ཁོག་བར་ཐད་ཀར་འཕུར་བའི་དུས་གཏན་གནམ་གྲུའི་མཁའ་ལམ་གསར་དུ་བཏོད་པ་དེས་རྒྱལ་སྤྱིའི་མཁའ་འགྲུལ་ཟོག་འདྲེན་བྱ་བར་ཚད་བརྒལ་བྱུང་ནས་དངོས་ཟོག་འཇུག་སར་དངོས་ཟོག་འཇུག་ཚད་ཏུན་195ཟིན་ཡོད།
འབྲེལ་ཡོད་གསར་འགྱུར།