དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཐབས་རྩལ་གསར་པར་བརྟེན་ནས་མེ་ཟོན་གྱི་དཀའ་གནད་བསལ་བ།

    —— ལྷོ་ཁ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ཁྱད་ལྡན་གྱི་ཞབས་འདེགས་ཞུས་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-05-22

    ཉེ་ཆར། ལྷོ་ཁ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ཁོངས་གཏོགས་ཁུལ་གྱི་དོན་དངོས་ལ་གཞི་ཚུགས་ཏེ་ཐག་རིང་ལུང་ཁུག་ཏུ་གནས་པའི་དགོན་པའི་མེ་ཟོན་བདེ་འཇགས་ཀྱི་དཀའ་གནད་ལ་དམིགས་ནས། “རྟ་དྲེལ་གྱི་མེ་ཟོན་ཞབས་ཞུའི་རུ་ཁག”ཅེས་པ་ཞིག་གསར་དུ་བཙུགས་ཁར། “རྐང་ཐང་མར་སྐོར་ཞིབ་དང་རྟ་དྲེལ་གྱིས་མེ་གསོད་ཡོ་བྱད་དབོར་བ་ཟུང་དུ་འབྲེལ་བའི”ཁྱད་ལྡན་གྱི་ཞབས་འདེགས་ཞུ་སྟངས་ཤིག་འཚོལ་ཞིབ་བྱས་པ་རེད། དེ་ཡང་མེ་གསོད་རུ་མིས་རྐང་ཐང་མར་བསྐྱོད་པ་དང་སྦྲགས་རྟ་དྲེལ་ལ་མེ་གསོད་ཡོ་བྱད་བཀལ་ནས་རི་བོའི་དབུས་སུ་གནས་པའི་དགོན་སྡེར་མེ་གསོད་ཡོ་བྱད་སྒྲིག་སྦྱོར་གནད་སྨིན་བྱས་པ་དང་བདེ་འཇགས་ཀྱི་ཤེས་བྱ་སྒྲོག་འགྲེལ་གྱིས་བབ་ཆགས་ཤོས་ཀྱི་བྱེད་ཐབས་ལ་བརྟེན་ནས་ས་མཐོའི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་མེ་ཟོན་བདེ་འཇགས་ཀྱི་མཐའ་མའི་འགག་གནད་བསལ་ཏེ། རིག་གནས་ཤུལ་བཞག་སྲུང་སྐྱོང་དང་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་བཅད་བརྟན་པོ་ཞིག་བསྐྲུན་ཡོད་པ་རེད།

    རི་ལམ་དུ་སྐྱོད་དཀའ་བས་རྟ་དྲེལ་གྱིས་ཡོ་བྱད་དབོར་བ།

    ཡར་ཀླུང་གཙང་པོ་རྒྱུག་ཁུལ་དུ་བྲག་རི་གཡང་གཟར་ཞིང་གྲོག་རོང་ཟབ་པས། ཐག་རིང་ལུང་ཁུག་ཏུ་གནས་པའི་དགོན་སྡེར་སྐྱོད་པའི་འགྲོ་ལམ་མང་ཆེ་བ་ནི་ཀྱག་ཀྱོག་གི་རྡོ་སྐས་དང་འདམ་རྫབ་ཀྱིས་ཁེངས་པའི་ལམ་ཡིན་པས་རླངས་འཁོར་བཏང་ནས་སླེབས་ཁག་པོ་ཡོད། དེར་བརྟེན། མེ་གསོད་སྒྲིག་ཆས་སྐྱེལ་འདྲེན་དང་། མངོན་མེད་རྐྱེན་ངན་གྲལ་བཤེར། དྲིལ་བསྒྲགས་སློབ་གསོའི་ལས་དོན་སྤེལ་བ་བཅས་རྒྱུན་གཏན་གྱི་ལས་དོན་ཁྱོན་ཡོངས་ལ་ཁྱབ་དཀའ་མོ་ཡོད།

    དཀའ་གནད་དེ་སེལ་ཆེད། ལྷོ་ཁ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་སྲོལ་རྒྱུན་གྱི་བསམ་བློ་གཏོང་སྟངས་དོར་ནས་ཡུལ་བབ་ལ་བསྟུན་ནས“རྟ་དྲེལ་གྱི་མེ་གསོད་ཞབས་ཞུའི་རུ་ཁག”བཙུགས་པ་རེད། ལས་དོན་སྤེལ་རིང་མེ་གསོད་རུ་མིས་རྒྱབ་ཏུ་ཞིབ་བཤེར་ཡོ་བྱད་འཁུར་བ་དང་ལག་ཏུ་དྲིལ་བསྒྲགས་དཔྱད་ཡིག་བཟུང་ནས་ས་མཐོའི་གསོ་རླུང་དཀོན་པ་དང་། ལམ་ངོས་འདྲེད་བརྡར་ཤོར་སླ་བ། རི་མགོ་ནས་རྦབ་རྡོ་འདྲིལ་ཉེན་ཆེ་བ་སོགས་ཀྱི་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་དེ་རི་མཐོ་གཡང་གཟར་དབུས་སུ་རྐང་ཐང་མར་ཕར་རྒྱུག་ཚུར་རྒྱུག་བྱེད་པ་དང་། ལྗིད་ཚད་རྒྱ་མ་བཅུ་ཕྲག་ཁ་ཤས་ཡོད་པའི་མེ་གསོད་ཡོ་བྱད་སོགས་རྟ་དྲེལ་གྱིས་བརྟན་པོ་དབོར་བཞིན་ཡོད་པས། ཁོང་རྣམ་པ་ནི་རི་མཐོ་གཡང་གཟར་གྱི་དབུས་ཀྱི་དམིགས་བསལ་གྱི“དུས་བདེའི་ཕོ་ཉར”གྱུར་ཡོད།

    “རི་ལམ་ཀྱག་ཀྱོག་ཆེ་བ་དང་གསོ་རླུང་དཀོན་ཞིང་ལུས་ཟུངས་མགྱོགས་པོ་ཟད་མོད། འོན་ཀྱང་དགོན་པར་མེ་སྐྱོན་གྱི་ཉེན་ཁ་མེད་པར་གྱུར་བ་དང་དགེ་འདུན་རྣམས་བློ་བདེ་པོ་བྱུང་བ་མཐོང་ཚེ། དཀའ་ལས་ཇི་འདྲ་ཁག་ཀྱང་དཀའ་ལས་རྒྱག་རིན་ཡོད་པ་ཞིག་རེད”ཅེས་ལམ་བར་དུ་མེ་གསོད་རུ་མིའི་སེམས་གཏིང་ནས་འཕྱུར་བའི་སྐད་ཆ་དེ་ནི་མེ་གསོད་རོགས་སྐྱོབ་དཔུང་ཁག་གིས་དམངས་ཀྱི་ཆེད་དུ་འགན་འཁྲི་འཁུར་བའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད།

    ལེབ་བཤེར་གྱིས་ཉེན་ཁ་བསལ་ནས་གནའ་བོའི་སྐྲུན་དངོས་སྲུང་སྐྱོབ་བྱས་པ།

    གནའ་བོའི་སྐྲུན་དངོས་ཡིན་པའི་དགོན་སྡེ་མང་ཆེ་བ་ནི་ས་ཕག་དང་། ཤིང་། རྡོ་བཅས་ལས་གྲུབ་པ་ཞིག་ཡིན་པས། མེ་ཤོར་སླ་པོ་ཡོད་པ་མ་ཟད། མཆོད་མེ་རྒྱུན་དུ་སྤོར་གྱི་ཡོད་པ་དང་། གློག་སྐུད་ཚད་ལྡན་ཁྲིད་མེད་པ། འབར་སླ་བའི་དངོས་རྫས་ཟང་ཟིང་སྤུངས་པ་བཅས་ལས་མེ་སྐྱོན་གྱི་ཉེན་ཁ་དེ་བས་ཆེན་པོ་ཡོད། ཁྱད་ཆོས་དེར་དམིགས་ཏེ་ལྷོ་ཁ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ལྷ་ཁང་དང་། གྲྭ་ཤག རིག་དངོས་མཛོད་ཁང་སོགས་གཙོ་གནད་ས་ཁོངས་སུ་ལེབ་བཤེར་དང་གྲལ་བཤེར་གྱི་ཐོག་ནས་མངོན་མེད་རྐྱེན་ངན་བསལ་ཏེ་ཁུག་གསང་སྟོང་གསུམ་མ་ལུས་པ་བྱས་ཡོད།

    གནད་སྨིན་གྲལ་བཤེར་དང་དམིགས་སུ་བཀར་ནས་བཅོས་སྐྱོང་བྱེད་པར་བརྟེན་ནས་ལྷོ་ཁ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་ཐག་རིང་ལུང་ཁུག་ཏུ་གནས་པའི་དགོན་སྡེའི་མེ་ཟོན་གྱི་ཉེན་ཁ་ནུས་ལྡན་སེལ་བ་དང་། མེ་དང་གློག་སྤྱོད་པའི་བདེ་འཇགས་ཀྱི་དོ་དམ་བྱེད་སྟངས་ཚད་ལྡན་དུ་གཏོང་བ། གནའ་བོའི་སྐྲུན་དངོས་ཀྱི་མེ་སྐྱོན་སྔོན་འགོག་གི་ནུས་པ་ཆེ་རུ་ཤུགས་ཆེན་གཏོང་བ་བཅས་བྱས་ནས། ལོ་རྒྱུས་ཡུན་རིང་ལྡན་པའི་གནའ་བོའི་དགོན་སྡེར་མེ་ཟོན་ནུས་ལྡན་བྱས་ཐོག་དེ་བས་བདེ་འཇགས་དང་བརྟན་ལྷིང་ཡོང་བར་བྱས་ཡོད།

    སྐད་གཉིས་སློབ་ཁྲིད་ལ་བརྟེན་ནས་མེ་ཟོན་གྱི་འགོག་རགས་མཉམ་དུ་བསྐྲུན་པ།

    སྒྲིག་ཆས་འགན་ལེན་བྱེད་པ་ཕུད། དགེ་འདུན་པ་ཚོའི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་རང་ཟོན་རང་སྐྱོབ་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་དེ་ནི་དགོན་སྡེའི་མེ་སྐྱོན་གྱི་འགོག་རགས་བརྟན་དུ་གཏོང་བའི་འགག་རྩ་ཞིག་རེད།

    ལྷོ་ཁ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གིས“གྲལ་བཤེར་དང་དྲིལ་བསྒྲགས་སློབ་གསོ་གལ་ཆེ་མཉམ་འཛིན”མཐའ་འཁྱོངས་ཀྱིས་དགོན་སྡེར་མེ་ཟོན་གྱི་ཤེས་བྱ་སློབ་ཁྲིད་བྱས་ཤིང་། སྒྲོག་འགྲེལ་བྱ་ཡུལ་དུ་མེ་གསོད་རོགས་སྐྱོབ་པས་ས་མཐོའི་དགོན་སྡེར་བྱུང་བའི་མེ་སྐྱོན་གྱི་གྱོད་དཔེ་དང་ཟུང་འབྲེལ་བྱས་ཏེ་བོད་རྒྱ་སྐད་གཉིས་ཀྱི་ཐོག་ནས་མཆོད་མེ་སྤོར་སྟངས་དང་། གློག་དང་སོལ་རླངས་ཀྱི་མེ་སྐྱོན་འགོག་སྟངས། འབར་སླ་བའི་དངོས་རྫས་ལ་དོ་དམ་བྱེད་སྟངས། དེ་བཞིན་མེ་སྐྱོན་ཐོན་མ་ཐག་གསོད་སྟངས་སོགས་ཀྱི་ཤེས་བྱ་གོ་བདེ་ཤེས་སླའི་ངང་འགྲེལ་བཤད་བརྒྱབ་ཡོད། དེ་དང་ཆབས་ཅིག་ཡུལ་དངོས་སུ་མེ་གསོད་ཡོ་བྱད“འདེགས་སྟངས་དང་། འཐེན་སྟངས། འཛིན་སྟངས། གནོན་སྟངས”བཅས་ཀྱི་གནད་འགག་དཔེ་སྟོན་བྱས་པ་དང་སྦྲགས་དགེ་འདུན་པ་ཚོར་སྤྱོད་སྟངས་བསླབས་ཏེ་ཚང་མས་གོ་ཐུབ་པ་དང་། ཤེས་པ། སྤྱོད་ཐུབ་པ་བཅས་བྱས་ཡོད།

    ད་ཐེངས་ཀྱི་ཆེད་དོན་བྱ་སྤྱོད་ནི་ལྷོ་ཁ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གིས“མི་དམངས་དང་ཚེ་སྲོག་གོང་དུ་བཀུར་བའི”ལྟ་བ་ལག་ལེན་བསྟར་བའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཡིན་ལ། རིག་གནས་ཤུལ་བཞག་སྲུང་སྐྱོང་དང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་དངོས་སྒྲུབ་ཀྱི་བྱ་ཐབས་ཤིག་ཀྱང་རེད། བྱ་སྤྱོད་དེས་ཐག་རིང་ལུང་ཁུག་ཏུ་གནས་པའི་དགོན་སྡེར་མེ་གསོད་ཡོ་བྱད་དཀོན་པ་དང་། མངོན་མེད་རྐྱེན་ངན་གྱི་གྲལ་བཤེར་དམིགས་སར་འབྱོར་མི་ཐུབ་པ། བདེ་འཇགས་ཤེས་བྱ་དབུལ་བ་སོགས་ཀྱི་དཀའ་གནད་ཐག་གཅོད་ཐུབ་པ་མ་ཟད། མེ་གསོད་རོགས་སྐྱོབ་དཔུང་ཁག་དང་སེར་སྐྱ་མང་ཚོགས་དབར་གྱི་བར་ཐག་ཀྱང་དེ་བས་ཉེ་རུ་ཕྱིན་ནས། བོད་ལྗོངས་མེ་གསོད་རུ་ཁག་གིས་ལྷག་བསམ་རྣམ་དག་ངང་འགན་འཁྲི་སྒྲུབ་པ་དང་དམངས་ལ་ཞབས་འདེགས་ཞུ་བའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་མངོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།